༄༅།། ཁྱེད་ཅག་ལ་ཕུལ་བའི་ལོ་སར་གྱི་སྨོན་འདུན།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-06


དབང་ཆེན་གྱིས་བྲིས།


དགུང་སྔོན་མཐིང་ཤོག་དྲི་མེད་དྭངས་གཙང་ངོས།།
སྐར་མདངས་བཀྲག་འཚེར་མུ་ཏིག་ཚོམ་བུས་རྒྱན།།
ཉི་ཟླའི་འོད་ཀྱིས་དཀྱིལ་འཁོར་གླིང་བཞིར་གསལ།།
ཆུ་འཛིན་དར་དཔྱང་འཇའ་ཚོན་འོད་ཕུང་དཀྲིགས།།

ནོར་འཛིན་སྒེག་མོའི་གཡུ་ཡི་ན་གཟའ་ལ།།
དལ་འགྲོ་གཙང་ཆབ་སྔོན་མོའི་སྐ་རགས་བཅིངས།།
མེ་ཏོག་སྣ་ཚོགས་རྒྱས་པའི་རྒྱན་གྱིས་སྤྲས།།
མཛེས་པའི་ལང་ཚོ་སྐྱེ་འགྲོའི་རྟེན་དུ་གྱུར།།

བཀྲ་ཤིས་ཉི་མ་ཨ་སྔོན་དགུང་ལ་ཤར།།
དོན་འགྲུབ་ཟླ་བས་བར་སྣང་བདུད་རྩི་སྤྲོ།།
ཕུན་ཚོགས་སྐར་མས་ས་གཞིར་འོད་ཀྱིས་ཁྱབ།།
གནམ་ལོ་གསར་པར་ཤིས་པའི་རྟེན་འབྲེལ་འགྲིག །

དཔྱིད་དཔལ་བསིལ་སྦྱིན་བཀྲ་ཤིས་གདུག་མཛེས་ལ།།
བདེ་ལེགས་ཀ་མཱ་ལ་ཡི་འདབ་བརྒྱ་བཞད།།
ཕུན་ཚོགས་གསེར་ཉ་ཞི་བདེའི་རྒྱ་མཚོར་ཉུལ།།
གྲགས་སྙན་དུང་གི་ཆོས་སྒྲ་ཕྱོགས་མཐར་སྒྲོག །

རིན་ཆེན་བཀྲ་ཤིས་འདོད་འབྱུང་བུམ་བཟང་ལ།།
བདེ་ལེགས་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་འཛུགས།།
ཕུན་ཚོགས་དཔལ་གྱི་བེའུ་ཐུགས་སུ་འཁྱིལ།།
ཐེག་གསུམ་ཆོས་ཀྱི་འཁོར་ལོའི་དགའ་སྟོན་འགྱེད།།

བཀྲ་ཤིས་དགེ་མཚན་གཏམ་གྱི་རྒྱ་མཚོ་ལ།།
བདེ་ལེགས་དམ་ཆོས་གྲུ་ལ་ཞུགས་པ་ཡིས།།
ཕུན་ཚོགས་ཐར་པའི་གླིང་དུ་ཕྱིན་གྱུར་ཏེ།།
འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་པར་ཤོག།

རྟེན་གྱི་ས་གཞི་ལ་གནས་སེམས་ཅན་ཀུན།།
དགའ་བདེའི་མེ་ཏོག་ལྷན་དུ་བཞད་ནས་སུ།།
འཚོ་བས་ཕོངས་པའི་དུས་ངན་རྒྱུན་ཆད་དེ།།
སྐྱེ་འཆིའི་ཚེ་ལ་རང་དབང་ཐོབ་པར་ཤོག ། 

དེ་སྐད་གནམ་ལོ་གསར་པའི་དུས་སྟོན་ལ།།
སྨོན་ཚིག་དྲི་མེད་དར་དཀར་ཡུག་གཅིག་ལ།།
རྟགས་བརྒྱད་རྟེན་འབྲེལ་རི་མོ་བཀྲ་བ་ཡིས།།
མེ་བྱའི་ལོར་བདེ་དགེ་བཅུའི་དཔལ་རྫོགས་ཤོག།
གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱིས་རྒྱལ་ཆེ་བའི་དྲ་གྲོགས་རྣམས་ལ་ཕུལ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1