ཞི་ཅིན་ཕིང་གིས་གཙོ་སྐྱོང་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཐེངས་སོ་གཉིས་པའི་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རྒྱང་སྒྲོག་དྲ་བ། སྤེལ་དུས། 02-07


        ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕིང་གིས་ཚེས་དྲུག་ཉིན་གྱི་སྔ་དྲོར་གཙོ་སྐྱོང་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་སོ་གཉིས་པ་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་ནི་བཅོས་སྒྱུར་དམ་འཛིན་བྱེད་པའི་གནད་འགག་ཡིན་པས། བཅོས་སྒྱུར་དེ་འབུར་ཐོན་གོ་གནས་སུ་བཞག་སྟེ་དམ་འཛིན་བྱེད་དགོས་ལ། དངོས་སུ་འཛིན་པ་དང་སྣེ་ཁྲིད་དེ་འཛིན་དགོས་པར་མ་ཟད། སྤོབས་པ་ཆེན་པོས་འགན་འཁུར་གཙོ་བོ་དང་ལེན་བྱ་དགོས། བཅོས་སྒྱུར་གཙོ་བོར་དངོས་སུ་བཀོད་སྒྲིག་བྱེད་པ་དང་ཇུས་གཞི་གལ་ཆེན་ལ་དངོས་སུ་འགན་འཁུར་དགོས་ལ། ཕྱོགས་གཙོ་བོར་དངོས་སུ་མཐུན་སྦྱོར་བྱེད་པ་དང་དངོས་འབེབས་གནས་ཚུལ་ལ་དངོས་སུ་ལྟ་ཞིབ་བྱས་ཏེ། བློ་གཅིག་སེམས་གཅིག་སྒོས་དངོས་འབེབས་བྱ་བ་དམ་འཛིན་བྱ་དགོས་ཞེས་བསྟན།
    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལི་ཁི་ཆང་དང་ལིའུ་ཡུན་ཧྲེན། ཀྲང་ཀའོ་ལི་བཅས་གྲོས་ཚོགས་ལ་ཞུགས།
        ཚོགས་ཐོག་ནས་དུས་སྐབས་གསར་བའི་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཇུས་གཞི་དང་ཏང་གིས་ས་གནས་ཕྱི་དོན་བྱ་བའི་མགོ་ཁྲིད་སྒྲིག་སྲོལ་བཅོས་སྒྱུར་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར། ཕྱི་སྡོད་ལས་ཁུངས་ཀྱི་འགོ་ཁྲིད་རྐྱེན་སྲོལ་དང་དོ་དམ་སྒྲིག་སྲོལ། ལྟ་སྐུལ་རྐྱེན་སྲོལ་བཅོས་སྒྱུར་སྐོར་གྱི་ལག་བསྟར་བསམ་འཆར། ཕྱི་ཕྱོགས་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་སྐོར་གྱི་ལག་བསྟར་བསམ་འཆར། སྤྱི་ཚོགས་རིག་མཛོད་བདེ་ཐང་འཕེལ་རྒྱས་སྐོར་གྱི་བསམ་འཆར་འགའ། རྒྱལ་ཁབ་ཀྱི་ཚན་རྩལ་ཐབས་ཇུས་བློ་འདོན་ལམ་ལུགས་འཛུགས་སྐྲུན་ཇུས་གཞི། སྤྱི་ཐུན་ཆ་འཕྲིན་ཐོན་ཁུངས་སྒོ་འབྱེད་ལག་བསྟར་སྐོར་གྱི་བསམ་འཆར་འགའ་སོགས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བར་མ་ཟད། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་བཅོས་སྒྱུར་ཚོད་ལྟ་བྱ་བའི་སྤྱི་སྡོམ་སྙན་ཞུ་དང་ཧྲང་ཧེ་གྲོང་ཁྱེར་ཏང་ཨུ་ཡི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚོགས་ཁག་བཅོས་སྒྱུར་ཚོད་ལྟ་བྱ་བའི་སྤྱི་སྡོམ་སྐོར་གྱི་སྙན་ཞུ། ཁྲུང་ཆེན་གྲོང་ཁྱེར་ཏང་ཨུ་ཡི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚོགས་ཁག་བཅོས་སྒྱུར་ཚོད་ལྟ་བྱ་བའི་སྤྱི་སྡོམ་སྐོར་གྱི་སྙན་ཞུ་བཅས་ལ་གསན།
        ཚོགས་ཐོག་ནས་བཟོ་བ་གྲལ་རིམ་ནི་རང་རྒྱལ་གྱི་མགོ་ཁྲིད་གྲལ་རིམ་ཡིན་པ་དང་ཐོན་ལས་བཟོ་བ་ནི་བཟོ་བ་གྲལ་རིམ་གྱི་གཙོ་གཞིའི་སྟོབས་ཤུགས་ཡིན། ཏང་གི་སྲིད་འཛིན་རྨང་གཞི་སྲ་བརྟན་དུ་གཏོང་བའི་མཐོ་ཚད་དང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་མཐོ་ཚད་ནས། ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། བློ་སེམས་བརྩེ་གཅིག་སྒོས་བཟོ་བ་གྲལ་རིམ་ལ་བརྟེན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ལ། ཆབ་སྲིད་ཐད་ནས་ཁག་ཐེག་དང་ལམ་ལུགས་ཐད་ནས་དངོས་འབེབས། བྱང་ཚད་ཐད་ནས་ཇེ་མཐོར་གཏོང་བ། ཁེ་དབང་ཐད་ནས་སྲུང་སྐྱོབ་བྱེད་པའི་སྤྱིའི་བསམ་ཕྱོགས་ལྟར། ཐོན་ལས་བཟོ་བའི་དཔུང་སྡེ་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ལ་དམིགས་ཏེ། སྒྲིག་སྲོལ་རྐྱེན་སྲོལ་གསར་སྐྲུན་བྱེད་པ་དང་ཐོན་ལས་བཟོ་བའི་བྱང་ཚད་ཇེ་མཐོར་གཏོང་དགོས་ལ། འཕེལ་རྒྱས་རྣམ་པ་ལེགས་སྒྱུར་བྱེད་པ་དང་ཁྲིམས་ལྟར་ཁེ་དབང་འགན་སྲུང་བྱས་ནས། ཕུགས་འདུན་ལྡན་ལ་འདུ་ཤེས་སྲུང་བ་དང་། ལག་རྩལ་ལྡན་ལ་གསར་སྐྲུན་བྱེད་པ། ཁག་ཁུར་བྱེད་ཕོད་པ་དང་བྱས་རྗེས་འཇོག་པའི་ཐོན་ལས་བཟོ་བའི་དཔུང་སྡེ་ཞིག་གསར་སྐྲུན་བྱ་ཞེས་བསྟན། 
        ཚོགས་ཐོག་ནས་སྤྱི་ཚོགས་རིག་མཛོད་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱེད་པ་དེ་དམངས་ཁྲོད་ཀྱི་རིག་སྟོབས་འདོན་སྤྲོད་དང་ཏང་དང་སྲིད་གཞུང་གི་ཐབས་ཇུས་ལ་ཞབས་ཕྱི་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན། ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་ཀྱིས་སྤྱི་ཚོགས་རིག་མཛོད་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་གོ་གནས་གལ་ཆེན་དུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། ཏང་དང་སྲིད་གཞུང་གིས་གཏན་ལ་ཕབ་པའི་སློབ་གཞི་གལ་ཆེན་ལ་དམིགས་ནས་བློ་འདོན་ཞིབ་འཇུག་བྱེད་དགོས། འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། སྤྱི་ཚོགས་རིག་མཛོད་དེ་ཐབས་ཇུས་ཞབས་ཕྱིའི་ཁྲོད་དུ་ཞུགས་པའི་ནུས་ལྡན་ཐབས་ལམ་རྒྱ་བསྐྱེད་པ་དང་སྤྱི་ཚོགས་རིག་མཛོད་ཕྱོགས་ཀྱི་ཤེས་ལྡན་མི་སྣའི་སྲིད་ཇུས་འཐུས་ཚང་དུ་གཏང་དགོས། དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ་དང་ལས་དོན་གལ་ཆེན་གྱི་སྙན་ཞུའི་ལམ་ལུགས་དང་ཆ་འཕྲིན་ཁྱབ་སྒྲོག་ལམ་ལུགས་འཛུགས་དགོས་ཞེས་བསྟན། 
        ཚོགས་ཐོག་ནས་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་བཅོས་སྒྱུར་དམ་འཛིན་བྱས་ཏེ། དཔེ་སྟོན་གྱི་ནུས་པ་འདོན་པ་དང་གོང་རིམ་གྱིས་གཞི་རིམ་ལ་སྣེ་ཁྲིད་བྱས་ནས་དངོས་འབེབས་བྱ་བ་དམ་འཛིན་དང་ལག་བསྟར་བྱེད་དགོས། ཏང་ཀྲུང་དབྱང་གི་བཅོས་སྒྱུར་དགོངས་དོན་དུས་ཐོག་ཏུ་རྒྱུད་སྒྲོག་དང་ལག་བསྟར་བྱེད་པ་དང་ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་ཧུར་ཐག་སྒོས་དངོས་འབེབས་དང་བཀོད་སྒྲིག་བྱེད་དགོས་ལ། ཏང་ཀྲུང་དབྱང་གིས་བཏོན་པའི་བཅོས་སྒྱུར་གནད་དོན་གལ་ཆེན་ལ་ནན་ཏན་སྒོས་ཞིབ་འཇུག་བྱས་ནས་ཐག་གཅོད་དགོས། བཅོས་སྒྱུར་བསམ་ཕྱོགས་ལ་ཞིབ་འཇུག་བྱེད་པའི་ཕྱོགས་སུ་གཙོ་ཁྲིད་ཀྱི་ནུས་པ་འདོན་པ་དང་། བཅོས་སྒྱུར་ཇུས་གཞི་གལ་ཆེན་གྱི་སྤུས་ཚད་ཁག་ཐེག་བྱེད་དགོས་ལ། ཏང་ཀྲུང་དབྱང་གི་རེ་བ་དང་ས་གནས་ལས་ཁུངས་ཀྱི་དོན་དངོས་ཟུང་འབྲེལ་བྱེད་པ་དང་། གནད་དོན་གཙོ་བོ་དམ་འཛིན་དང་ངོ་བོ་རང་བཞིན་གྱི་ནང་དོན་དམ་འཛིན་བྱེད་པ་དང་དོ་དམ་བཀོལ་སྤྱོད་བྱེད་ཐབས་དམ་འཛིན་བྱས་ནས། དོན་དངོས་དང་མི་མཐུན་པའི་བྱ་བ་སྒྲུབ་མི་ཆོག བཅོས་སྒྱུར་གྱི་བརྒྱུད་རིམ་ཡོངས་སུ་རྟོག་ཞིབ་ཞིབ་འཇུག་བྱས་ཏེ། གནས་ཚུལ་གལ་ཆེན་དང་འགལ་བ་དང་གནད་དོན། མང་ཚོགས་ཀྱི་རེ་སྒུག་བཅས་གསལ་བོར་ཤེས་པར་བྱེད་པ་དང་། བཅོས་སྒྱུར་བྱེད་ཐབས་ལག་བསྟར་བྱས་ནས་ཕན་འབྲས་ཐོབ་མིན་གྱི་གནས་ཚུལ་གསལ་བོར་ཤེས་དགོས་བསྟན། 

ཀྲུང་དབྱང་གི་ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཁོངས་མི་ཚང་མ་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ་གྲོས་ཚོགས་ལ་ཟུར་ཞུགས་བྱས།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1