༄༅།།དབུལ་པོ་དང་ཕྱུག་པོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-09


      གནའ་སྔ་མོ་ཞིག་ལ། རི་ཆུའི་བཀོད་པ་ཀུན་ནས་མཛེས་ཤིང་རི་མོ་མཁན་གྱིས་བྲིས་པ་ལས་ཀྱང་ལྟ་ན་སྡུག་པའི་ཡུལ་གྲུ་ཞིག་ཏུ། རྒྱུ་འབྱོར་བས་རབ་ཏུ་ཕྱུག་ཅིང་ཅི་འདོད་ལོངས་སུ་སྤྱོད་བཞིན་པའི་ཕྱུག་པོའི་ཁྱིམ་ཚང་ཞིག་དང་། ཉམ་ཐག་གི་འཚོ་བར་རོལ་བཞིན་པའི་དབུལ་ཕོངས་ཀྱི་ཁྱིམ་ཚང་ཞིག་གནས་ཡོད།
      དེ་ཡང་ཉིན་ཞིག་ལ། བློ་རིག་བཀྲ་ལ་སྤྱང་གྲུང་ལྡན་པ། ཕོ་ལོ་བཅོ་བརྒྱད་ལ་སོན་པའི་དབུལ་པོ་ཚང་གི་བུ་ཡི་བསམ་པར། གནའ་མི་བོད་ཀྱི་གཏམ་དཔེ་ལ་བསམ་བློ་སྔོན་ལ་བཏང་ན་མཁས་པ་དང་། འགྱོད་པ་རྗེས་ནས་སྐྱེས་ན་བླུན་པོ་ཡིན་ཞེས་པའི་དཔེ་བཞིན། ངེད་མ་བུ་གཉིས་ཀྱི་ཟས་གོས་རྒྱབ་གསུམ་གྱི་འཚོ་བར་དཀའ་ཁག་ཆེ་མོད། འོན་ཀྱང་། གཞན་བཙན་པོའི་བརྙས་བཅོས་མི་ཐེབས་པར་ཞི་ཞིང་བདེ་བར་རོལ་ཆེད། ཐོག་མ་ནས་ཕྱུག་པོ་ཚང་དང་ཁ་འཆམ་འདུམ་སྒྲིག་བྱེད་ན་བཟང་སྙམ་སྟེ། རང་ཉིད་ཀྱི་བསམ་ཚུལ་དྲན་སྟངས་དེ་བརྩེ་ལྡན་ཡི་ཨ་མ་ལ་ཞིབ་ཅིང་ཕྲ་བར་སྨྲས་པས། ཨ་མ་རང་བློ་ཕངས་པའི་རྣམ་འགྱུར་གྱིས། དེ་རིང་ཉི་མ་ཕར་བསྐྱལ་དང་སང་གི་ཉི་མ་ཚུར་བསུའི་འཚོ་བར་དཀའ་ཁག་ཆེ་ཞིང་། རྒྱུ་ནོར་ཟས་གསུམ་གྱིས་དབུལ་བས་གཅེས་ནོར་གསེར་གྱི་དུང་ཙེ་གཅིག་པུ་དེ་མ་གཏོགས་གཞན་ཅི་ཡང་མེད་པས། ད་ནི་ཅི་འདྲ་བྱས་ན་འོས་སམ་ཞེས་ཟེར་བཞིན་སྡུག་པའི་ཉམས་དང་བཅས་དབུགས་རིང་ཞིག་འབྱིན་པར་བྱས།
      བུས་ཨ་མ་ལགས། སེམས་ཁྲལ་བྱེད་མི་དགོས།ང་ལ་བློ་བཀོད་པ་ལེགས་པོ་ཞིག་ཡོད་ཅེས་བཤད་བཞིན་ཨ་མར་ཐབས་དེ་ཁ་སློབ་བློ་སློབ་བྱས། ཕྱི་ཉིན་བུས་དོང་ཙེ་གཅིག་པུ་དེ་ཁྱེར་ནས་ཕྱུག་པོ་ཚང་གི་ཁྱིམ་དུ་བོས་མིན་རང་འཛུལ་བྱས་ཏེ། གུས་པའི་ངང་ཚུལ་གྱིས་ཕྱུག་པོའི་བུ་ལ། ཀྱེ་དབང་རྒྱལ་ལགས། དེ་རིང་ཁྱེད་ཀྱི་ཁྱིམ་ལ་ཡོང་དོན་ཞུ་རྒྱུ་འདི་འདྲ་ཡོད་མོད། འོན་ཀྱང་ཁྱེད་ཀྱི་དགོངས་པ་དང་མཐུན་མིན་ངས་མ་ཤེས་ནའང་། ཁྱེད་ཀྱིས་གསོན་དང་། ངེད་ཅག་ཁྱིམ་ཚང་གཉིས་བར་ཕན་ཚུན་ཕན་མེད་གནོད་པ་མི་བསྐྱལ་བར་འགྲིག་ཅིང་མཐུན་པར་བྱུང་ན་བཟང་སྙམ་ཞིང་། ཁྱེད་ལ་བྱ་ལས་ཅི་ཞིག་ཡོད་རུང་ཕྲན་ཉིད་ཀྱིས་རོགས་རམ་གང་ཐུབ་བྱེད་ཅིང་ཅི་གསུང་བཀའ་བཞིན་དུ་བསྒྲུབ་ངེས་ཡིན། འདི་ནི་ཁྱེད་རང་ལ་འབུལ་བའི་འཚམས་རྟགས་ཙམ་ཡིན་ཞེས་བཤད་ཞོར་དུ་གསེར་གྱི་དུང་ཙེ་དེ་དེ་ལ་ཕུལ་ཏེ་གྲོས་འཆམ་བྱས།
      དུས་དེའི་ཚེ་ཕྱི་ཡུལ་ནས་སིལ་སིལ……སིལ་སིལ་ཞེས་པའི་སྒྲ་གྲག་བྱུང་བ་ན། དབུལ་པོའི་བུས་སྒྲ་དེ་ནི་རང་གི་བྱུས་ཐབས་ཏེ་མས་སླ་ང་བྲུལ་བ་དེ་དག་རྡེབ་རེག་བྱེད་པ་ལས་བྱུང་བ་ཡིན་པ་གསལ་མོད། ཁོ་རང་བློ་ཕངས་པའི་ཚུལ་གྱིས་ཨ་ཧོ། མ་རྒན་འདིས་གྲངས་ཀ་གཅིག་ཀྱང་མི་ཤེས་བཞིན་དུ་ད་རུང་དུང་ཙེ་ལ་རེག་ནས་ཅི་བྱེད་ཀྱི་ཡིན་ནམ་ཞེས་སྒྲོ་འདོགས་ཀྱི་ཚིག་འདི་ངག་ལས་དྲངས། ཕྱུག་པོ་བུས་དེ་མ་ཐག་ཡ་མཚན་དང་ཧམ་སེམས་མཉམ་སྐྱེས་ཀྱིས། ཨ་ཙི། ཁོ་ཚང་ལ་གསེར་གྱི་དོང་ཙེ་དེ་འདྲ་མང་པོ་ཡོད་དམ། ནམ་ཞིག་ན་དུང་ཙེ་ཡོད་དོ་ཅོག་རང་གི་ལག་ཏུ་འབྱོར་ཐབས་བྱ་དགོས་བསམ་སྟེ་སེམས་སུ་རེ་ངན་བཅངས་སོ། །
      དབུལ་པོར་ནོར་ཡོད་ན་ཕྱུག་པོ་གཉིད་མི་ཡུར་ཞེས་པའི་དཔེ་ལྟར། ཉིན་ཞིག་གི་མཚན་མོར། ཕྱུག་པོ་ཚང་གི་བུས་ལྐོག་ཏུ་དབུལ་པོ་ཚང་གི་ཁང་མཁར་གྱང་ལ་འཇོར་གྱིས་ཁུང་ཞིག་བརྟོལ་ནས་ནང་དུ་འཛུལ་ཏེ་རྐང་པ་ཏག་ཏག་སླ་ང་ཆག་གྲུམ་སྤུངས་ཡོད་པ་དེར་ཐོགས་ནས་སིལ་སྒྲ་གྲག་པས། མ་བུ་གཉིས་གཉིད་ལས་སད་དེ་མགྱོགས་པར་ཡར་ལངས་ནས་རྒྱ་མཚོ་འཐུང་ཡང་མི་ངོམས། རི་བོ་བཟས་ཀྱང་མི་འགྲངས་ལྟར་གྱིས་རྐུན་པོ་དེ་འཕྲལ་དུ་འཛིན་བཟུང་བྱས།
      དེ་ནས་ཡུལ་ཡུལ་པོར་གྱུར་པའི་རྐུན་པོ་དབང་རྒྱལ་ཡང་ཁ་སྐྱེངས་ཤིང་ངོ་ཚ་ནས་ང……ང་རང……དབང་རྒྱལ་ཡིན། ང་རང་གཏོང་རོགས་གནོང་དང་། ངས་གཏོང་ལན་དུ་གསེར་དོང་ཙེ་བརྒྱ་ངེས་པར་དུ་སྤྲོད་ངེས་ཡིན་ཞེས་སྐྲག་སྣང་ཆེན་པོ་སྐྱེས་པ་དང་བཅས་ཞུ་བ་ཡང་ཡང་ཞུས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1