རྩྭ་ཐང་གི་འབྱུང་འགྱུར། བཞད་ཁ་འབྱེད་བཞིན་པའི་སྐལ་བཟང་མེ་ཏོག

རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 06-30


        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་6པའི་ཚེས་25ཉིན་གྱི་ཉིན་གུང་། ང་ཚོ་བཅར་འདྲི་ཚོགས་པ་འཆར་གཞི་ལྟར་དཀར་མཛེས་ཁུལ་རྟའུ་རྫོང་ལུང་བསྟན་ཤང་གི་གླ་རི་གྲོང་ཚོའི་འབྲོག་པའི་གཏན་སྡོད་ཁུལ་དུ་བཅར་འདྲིར་བསྐྱོད་པ་ཡིན། བཅར་འདྲི་ཞུ་ཡུལ་གྱི་འབྲོག་པའི་ཁྱིམ་ཚང་དུ་བསྐྱོད་པའི་ལམ་བར་དུ་ཁང་པ་ཞིག་གི་སྒོ་རའི་ནང་འཁྱགས་ཞོ་ལྡག་བཞིན་པའི་ཕྲུ་གུའི་ཚོགས་ཤིག་གིས་ང་ཚོའི་ཡིད་དབང་བཀུག་བྱུང་། 
    འཁྱགས་ཞོ་ལྡག་བཞིན་པའི་ཕྲུ་གུ་ཚོ། 
         གསར་འགོད་པ་གཞན་དག་རྣམས་འབྲོག་པའི་བདེ་སྡོད་སྐོར་ལ་བཅར་འདྲི་གནང་སྐབས་ངའི་སེམས་ནང་སྒོ་ར་འདིའི་ནང་གི་ཕྲུ་གུ་རྣམས་དྲན་བཞིན་འདུག་ལ། ང་རང་ལ་ཡང་སྙིང་ཕྲུ་གུ་དེ་དག་ག་རེ་བྱེད་བཞིན་ཡོད་མེད་བལྟ་འདོད་ཀྱི་བསམ་པ་འགོག་མེད་ཅིག་འཆར་བྱུང་བས་དེའི་གམ་དུ་ཕྱིན་པ་ཡིན། སྒོ་ར་དེ་དང་ཐག་ཇེ་ཉེར་སླེབས་སྐབས་གོང་དུ་མཐོང་སྣང་དུ་ཡོད་པའི་ཕྲུ་གུ་རྣམས་མཐོང་རྒྱུ་མེད་ཀྱང་། དྭངས་གཙང་ལྷད་མེད་ཀྱི་ཕྲུ་གུའི་ཡི་གེ་ཀློག་པའི་སྐད་སྒྲ་ངའི་རྣ་ལམ་དུ་གྲགས་བྱུང་། སྒོ་ར་དེའི་ནང་དགེ་འདུན་པ་ཞིག་འདུག་པ་དེ་མཐོང་བས་ངས་ཁོང་ལ་ཕྲུ་གུ་དེ་རྣམས་གང་དུ་སོང་ངམ་ཞེས་དྲིས་པ་ཡིན།
        དགེ་འདུན་པ་དེའི་མིང་ལ་ཕུན་ཚོགས་ཟེར་གྱི་ཡོད་པ་དང་། ལུང་བསྟན་ཤང་ར་མགོ་དགོན་པའི་དགེ་འདུན་པ་ཞིག་རེད་འདུག་ལ། ཕྲུ་གུ་དེ་རྣམས་ནི་ཁོང་གི་སློབ་མ་ཡིན་པ་རེད། ཁོང་གིས་གསུངས་པར། ཕྲུ་གུ་དེ་དག་ནི་ལོ་དྲུག་མན་ཆད་ཤ་སྟག་ཡིན་པ་དང་གྲོང་ཚོ་དེའི་གྲོང་མིའི་ཕྲུ་གུ་ཡིན་ཞིང་། ཁོ་ཚོའི་ཕ་མ་དང་གཅེན་གཅུང་སོགས་ནང་མི་ཆེ་བ་རྣམས་དབྱར་རྩྭ་དགུན་འབུ་སོགས་ཀྱི་སྨན་རྩྭ་འཐུ་བར་འགྲོ་སྐབས་ལྟ་རྟོག་བྱེད་མཁན་མེད་པས་ནང་མི་རྣམས་ནས་ཕྲུ་གུ་དེ་དག་གཅིག་བསྡུས་ཐོག་དེ་གར་བསྐྱལ་བ་རེད།ལུང་བསྟན་ཤང་ལ་སློབ་ཆུང་གཉིས་ཡོད་ཀྱང་ཕྲུ་གུ་དེ་རྣམས་ཀྱི་སློབ་ལོ་ལོན་གྱི་མེད་སྟབས་སློབ་གྲྭར་སྐྱེལ་ཐབས་བྲལ་ཡོད། ཁོ་ཚོའི་ཕ་མ་དང་ཤང་སྲིད་གཞུང་གིས་དགོན་པར་གྲྭ་པ་ཞིག་མངག་གཏོང་བྱས་ནས་ཕྲུ་གུ་དེ་དག་གཅིག་བསྡུས་ཐོག་ལྟ་སྐྱོང་བྱ་རྒྱུའི་རེ་བ་བཏོན་པ་ལྟར་ཁོང་དེ་གར་ཕེབས་ནས་ཕྲུ་གུ་ཚོར་ལྟ་སྐྱོང་གནང་བར་ཕེབས་ཡོད་པ་དང་དེ་གར་ཕེབས་ནས་ཟླ་བ་གསུམ་བཞི་ཙམ་སོང་འདུག 
    དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་གསར་འགོད་པ་ཁོང་གི་སློབ་ཕྲུག་རྣམས་ལ་བལྟ་བར་ཁྲིད་པ། 
        ཁོང་གིས་མ་གཞི་ཕྲུ་གུ་དེ་ཚོའི་ཕ་མས་གླ་རིན་ཅུང་ཟད་སྤྲོད་དགོས་ཟེར་ཡང་བླངས་མེད།གང་ཡིན་ཟེར་ན་ཕྲུ་གུར་ཚོར་བོད་ཡིག་གི་གསལ་བྱེད་དང་རྒྱ་ཡིག་ཐ་ཐོར་རེ་བསླབ་ནས་ཁོ་ཚོའི་ཡིག་རྨོངས་སེལ་རྒྱུ་དེ་ངའི་འདུན་པ་ཞིག་ཡིན། དེར་བརྟེན་དེ་གར་ཡོང་བ་ཡིན་ལ་ད་དུང་མུ་མཐུད་དེ་གར་ལོ་ངོ་གཅིག་ལྷག་སྡོད་རྒྱུ་ཡིན་ཞེས་གསུངས་བྱུང་། ཁོང་གིས་ད་དུང་གསུངས་པར། ད་ལྟ་ཕྲུ་གུ་བཅུ་གྲངས་ཁ་ཤས་ཡོད་པ་དང་། ཁོང་གིས་ཕྲུ་གུ་དེ་རྣམས་ལ་ཞོགས་པའི་ཆུ་ཚོད་དགུ་པ་ནས་དགོང་དྲོའི་ཆུ་ཚོད་དྲུག་པ་བར་སློབ་ཚན་ཁྲིད་ཀྱི་ཡོད་ཅིང་། དེ་ནི་འབྲོག་ཁུལ་གྱི་བུ་བཅོལ་ཁང་ཞིག་དང་མཚུངས་ཀྱི་ཡོད། 
    ནན་ཏན་ངང་སློབ་སྦྱོང་བྱེད་བཞིན་པའི་ཕྲུ་གུ་ཚོ། 
       ཁོང་གིས་ངོ་སྤྲོད་གནང་བར། ཕྲུ་གུ་དེ་རྣམས་ནི་ཞོགས་པ་ཕ་མས་ཉིན་གུང་གི་ལྟོ་ཆས་བསྐུར་ནས་དེ་གར་སྐྱེལ་བ་དང་དགོང་དྲོའི་ཆུ་ཚོད་དྲུག་པར་ཁོ་ཚོ་ལས་མཚམས་བཞག་ནས་ཕྱིར་ལོག་རྗེས་ལེན་པར་ཡོང་གི་ཡོད་པ་རེད། 
    ལོ་བཞི་ལ་སླེབས་ཙམ་གྱི་བུ་མོ་ཀུན་དགའ་མཚོས་བོད་ཡིག་ཀློག་བཞིན་པ།
        མ་གཞི་འབྲོག་པའི་གཏན་སྡོད་ཁུལ་དུ་ད་ལྟ་བུ་བཅོལ་ཁང་འཛུགས་པའི་ཆ་རྐྱེན་མེད་ཀྱང་། ཕྲུ་གུ་དེ་རྣམས་གཅིག་བསྡུས་ཐོག་བདག་པོ་རྒྱག་མཁན་ཡོད་པ་དང་ད་དུང་ཡིག་རྨོངས་སེལ་བའི་སློབ་ཁྲིད་གནང་མཁན་ཞིག་ཡོད་པ་མཐོང་སྐབས་སེམས་ནང་དགའ་སྣང་འགོག་མེད་ཅིག་བྱུང་ལ། དགེ་འདུན་པ་ཕུན་ཚོགས་ལགས་ལ་དད་གུས་ཀྱི་བློ་ཆེན་པོ་ཞིག་ཀྱང་སྐྱེས་བྱུང་། མི་རིང་བའི་རྗེས་སུ།   གླ་རི་གྲོང་ཚོ་དང་འདྲ་བའི་མཐའ་ཁུལ་གྱི་གྲོང་ཚོ་ཁག་ལ་དགེ་རྒན་གྱི་དཔུང་ཁག་ཡོད་པའི་བུ་བཅོལ་ཁང་ཞིག་བཙུགས་ནས་རྩྭ་ཐང་ཐོག་གི་མེ་ཏོག་དེ་རྣམས་དེ་བས་སྐྱོན་བྲལ་དང་དགའ་སྤྲོའི་ངང་འཚར་ལོངས་ཡོང་བའི་རེ་བ་བྱེད་བཞིན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1