རྨི་ལམ་དུ་ཞིན་ཅང་ལ་ལོག་པ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར། ཝུའུ་ཧའོ་ཀྲིན་གྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།སྒྲོལ་མ་ལྷ་མོ།ཡོང་ཁུངས།མི་རིགས། སྤེལ་དུས། 02-15


 

གཡུ་མདོག་གི་སའེ་ལི་མོ་མཚེའུ།



དཔྱིད་དུས་ཀྱི་མཚེའུ་འགྲམ།



ང་རང་ཆུང་དུས་སུ་རྒྱང་བསྒྲགས་ལས《ཞིན་ཅང་ཡ་ཁེ་ཞི》ཞེས་པའི་གླུ་དབྱངས་དེ་ཐོས་མྱོང་ཞིང་སྐབས་དེར་གླུ་ཚིག་གི་ནང་དོན་ཕྱེད་ཙམ་ལས་རྟོགས་མ་བྱུང་། དེ་ནས་སློབ་ཆེན་འདོན་དུས་ཞིན་ཅང་གི་སློབ་གྲོགས་ཀྱིས་ངོ་སྤྲོད་བྱས་པ་བརྒྱུད། གཞི་ནས་སྙན་ཞིང་འཇེབས་པའི་གླུ་དབྱངས་འདིའི་མཚོན་དོན་ངོ་མ་དེ་ཧ་གོ་སོང་། ༢༠༡༥ལོར་ང་རང་ཐེངས་དང་པོར་ཞིན་ཅང་དུ་སོང་བ་ཡིན། དེའི་རྗེས་ཀྱི་ལོ་དུ་མའི་ནང་དུ་ངས་ནམ་ཡང་མཛེས་སྡུག་ལྡན་པའི་ས་ཆ་དེ་དྲན་ལམ་དུ་བརྗེད་མི་ཐུབ་ཅིང་དེའི་གྲིབ་གཟུགས་ནམ་རྒྱུན་ངའི་སྣང་ངོར་འཆར་བཞིན་འདུག ལོ་བཅུ་སོང་རྗེས་ང་རང་ཡང་བསྐྱར་ཡིད་དབང་འཕྲོག་པའི་ཐེན་ཧྲན་རི་བོའི་འདབས་སུ་སླེབས།

མཛེས་པའི་སའེ་ལི་མོ་མཚེའུ།

འེ་ལི་མོ་མཚེའུ་ལ་གནའ་དུས་གཙང་མཚོ་ཞེས་མིང་བཏགས་པ་དང་ཝུའུ་ལུའུ་མུ་ཆི་ནས་རླངས་འཁོར་བསྡད་དེ་སྤྱི་ལེ༥༩༠སོང་རྗེས་སའེ་ལི་མོ་མཚེའུ་རུ་སླེབས། མཚེའུ་དེར་མཚོ་ངོས་ལས་མཐོ་ཚད་སྨི༢༠༧༣ཡོད་ཅིང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ༤༥༨ཡོད་ལ་ཞིན་ཅང་གི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་ཞིང་འབབ་རྒྱུད་ཀྱི་རྒྱ་ཁྱོན་ཆེས་ཆེ་བའི་མཐོ་སྒང་གི་མཚེའུ་ཡིན། དེའི་ཆུ་གསོག་ཚད་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར༢༡༠ཡིན་པ་རེད། མཚེའུ་དེའི་སྐོར་གྱི་གཏམ་རྒྱུད་སྙན་མོ་ཞིག་ཀྱང་ཡོད་དེ། བུ་མོ་ཆི་ཏན་ཟེར་བ་ཞིག་དང་སོག་པོའི་ཕོ་གསར་ཞོ་ཏེ་ཁེ་ཟེར་བ་གཉིས་གཅིག་སེམས་གཅིག་ལ་མཐུན་ཡང་བདུད་བསྲུན་པོ་ཞིག་གིས་ཆི་ཏན་གྱི་མཛེས་མདངས་ལ་ཆགས་པས་བུ་མོ་བཟུང་ནས་བདུད་མཁར་ལ་ཁྱེར་བ་རེད། ཆི་ཏན་གྱིས་སྲོག་ལ་བསྡོས་ཏེ་ངོ་རྒོལ་བྱས་མཐར་གོ་སྐབས་རྙེད་དེ་བྲོས་པའི་ཚེ་འདྲེ་བདུད་ཚོགས་ཀྱིས་བདས་ནས་འགྲོ་ལམ་མེད་སར་སླེབས་པས། འུ་ཐུག་ནས་གཏིང་རིང་བའི་ཆུ་རྫིང་ཞིག་གི་ནང་དུ་མཆོངས་པ་རེད། ཞོ་ཏེ་ཁེས་གནས་ཚུལ་གོ་ནས་སྲོག་སྐྱོབ་སར་ཡོང་དུས་ཆི་ཏན་ཤི་ཟིན་པས་སེམས་ཧ་ཅང་ཕངས་ནས་ཁོ་རང་ཡང་ཆུ་རྫིང་དེར་མཆོངས་ནས་རང་སྲོག་བཅད་པ་རེད། དེ་ནས་མི་རྣམས་ཀྱིས་མཛའ་གྲོགས་དེ་གཉིས་ཀྱི་ལྷད་མེད་བརྩེ་འདང་དང་སྐྱོ་བའི་མིག་ཆུ་ལས་དེ་རིང་གི་སའེ་ལི་མོ་མཚེའུ་ཆགས་པ་རེད་ཟེར། སའེ་ལི་མོ་མཚེའུ་ནི་དྭངས་ཤིང་འཇམ་པའི་མེ་ལོང་ཞིག་དང་ཡོངས་སུ་མཚུངས་སོ།།






 མཛེས་པའི་ཁ་ལ་ཅུན་རྩྭ་ཐང་།


དག་པའི་ཞིང་ཁམས་ཁ་ལ་ཅུན།

ཁ་ལ་ཅུན་ནི་ཧ་ས་ཁེའི་སྐད་ཡིན་ཞིང་མུ་མེད་ཀྱི་རྩྭ་ཐང་གི་དོན་ཡིན། ཁ་ལ་ཅུན་རྩྭ་ཐང་ནི་ཞིན་ཅང་དབྱི་ལི་རོང་ཁུལ་གྱི་ཐེ་ཁེ་སི་རྫོང་ཁོངས་སུ་ཡོད་ཅིང་། ཐུན་མོང་མ་ཡིན་པའི་མཐོ་སྒང་སྤང་ཐང་གི་རིགས་སུ་གཏོགས་ཤིང་ཐེན་ཧྲན་རི་བོའི་ནུབ་རྒྱུད་ནས་དབྱི་ལི་རོང་ཁུལ་གྱི་བར་བརྒལ་ས་རྒྱུད་ཡིན། མཚོ་ངོས་ལས་མཐོ་ཚད་སྨི༢༠༠༠ནས༣༠༠༠བར་ཡོད་པ་དང་། ཤར་ནུབ་བར་གྱི་རིང་ཚད་ལ་སྤྱི་ལེ༨༩ཡོད་ཅིང་ལྷོ་བྱང་བར་གྱི་ཞེང་ཚད་ཁ་སྤྱི་ལེ༣༢ཡོད། སྤྱིའི་རྒྱ་ཁྱོན་ནི་སྤྱི་ལེ་གྲུ་བཞི་མ༢༨༤༨ཡོད་པ་རེད། ས་འདི་ན་ཆར་ཆུ་འབེལ་ཞིང་གནམ་ངོ་དྭངས་ཤིང་བསིལ་ལ། ས་གཤིས་བཟང་པོ་ཡིན་པས་གཟན་རྩྭ་ཡག་ཤོས་ཀྱི་རིགས་བརྒྱ་ལྷག་སྐྱེས་ཡོད། ཁ་ལ་ཅུན་ལ་ཤར་ནུབ་གཉིས་ཀྱི་ལྗོངས་ཁུལ་གཉིས་ཡོད་ཅིང་ནུབ་ཁ་ལ་ཅུན་གྱི་ལྗོངས་ཁུལ་དུ་གཙོ་བོ་དེའུ་འབུར་ཅན་གྱི་མཛེས་ལྗོངས་ཡིན་ཞིང་ཤར་ཁ་ལ་ཅུན་ནི་རྩྭ་ཐང་ཧྲིལ་པོའི་སྙིང་བཅུད་ལྟ་བུ་ཡིན་ལ། འདི་ན་མེ་ཏོག་སྣ་ལྔའི་སྤང་ཐང་དང་མེ་ཏོག་སོ་མའི་སྟེགས་བུ། ཁུའེ་ཨེར་ཏེའི་ནགས་ཚལ་གྱི་གྲོག་རོང་ཆེན་པོ་སོགས་ཀྱི་མཛེས་ལྗོངས་ཡོད། ཁ་ལ་ཅུན་ནི་འཇིག་རྟེན་ལས་འདས་པའི་དག་པའི་ཞིང་ཁམས་ཤིག་དང་ཀུན་ནས་འདྲའོ།།

                                                                                                 

                         


                                                                                                    ལྷིང་འཇགས་ཀྱི་མཚེའུ་འགྲམ།                                                                                                                                                                                                                                                                ས་སྲོད་ཀྱི་པ་དབྱིན་པུ་ལུ་ཁེ།





                                                                                                                                                                                          དྲི་ཞིམ་གྱི་དྲི་བཟང་རྩྭ།

དྲི་བསུང་འཐུལ་བའི་དབྱི་ལིའི་དྲི་བཟང་རྩྭ།

དྲི་བཟང་རྩྭ་ནི་ལ་ཏིང་ཡི་གེའི་ཁྲོད་དུ་དག་བྱེད་ཅེས་པའི་དོན་ཡིན་ཞིང་དུས་རབས་བཅུ་དྲུག་པར་གནའ་བོའི་རོ་མའི་རྗེ་རིགས་ཚོས་དྲི་བཟང་རྩྭ་སྤྱད་དེ་ལུས་པོར་ཁྲུས་རྒྱག་པ་དང་གོས་བདུག་པ། འབུ་སྲིན་དང་མི་གཙང་བ་བསལ་བ་སོགས་བྱེད་སྲོལ་ཡོད་པ་རེད། རང་རྒྱལ་གྱིས༡༩༦༤ལོར་ཧྥ་རན་སི་སོགས་ནས་དྲི་བཟང་རྩྭ་སྔོན་རྗེས་སུ་པེ་ཅིན་དང་ཧྲང་ཧའེ། ཞིན་ཅང་སོགས་སུ་ཚོད་ལྟས་འདེབས་འཛུགས་བྱས་ཀྱང་ཞིན་ཅང་གི་དབྱི་ལི་རོང་ཁུལ་དུ་མ་གཏོགས་ལམ་ལྷོངས་བྱུང་མེད་པ་རེད། མིག་སྔར་དྲི་བཟང་རྩྭའི་འདེབས་རྒྱ་མུའུ་ཁྲི༣ལ་ཟིན་ཞིང་རྒྱལ་ཡོངས་ཀྱི་བརྒྱ་ཆ༩༥བཟུང་ཡོད། དྲི་བཟང་རྩྭ་འདེབས་འཛུགས་བྱས་པར་བརྟེན་ནས་མཐའ་འཁོར་གྱི་ཞིང་པ་ཁྲི༣ལྷག་ཕྱུག་པོར་གྱུར་ཡོད། རླུང་ཤས་ཆེ་བ་དང་སེམས་འཕྱོ་བའི་ནད་རིགས་ལ་དྲི་བཟང་རྩྭ་ཡིས་ཧ་ཅང་ཕན་ཞིང་འབྲེལ་ཡོད་ཀྱི་དཔྱད་གཞིའི་ཡིག་རིགས་ལས་ངོ་སྤྲོད་བྱས་པར་གཞིགས་ན་དྲི་བཟང་རྩྭའི་སྤོས་སྣུམ་ལས་བསུང་རྫས་ཀྱི་རིགས༢༣༠ལྷག་བཙོ་སྦྱངས་བྱེད་ཆོག་པར་བཀོད་ཡོད། སྨུག་མདོག་གི་དབྱི་ལིའི་ས་གཞིར་འགྲེངས་ཏེ་དལ་བ་དལ་བུར་དྲི་བཟང་རྩྭ་ཡི་དྲི་ངར་བསྣམས་པ་ན་ལུས་སེམས་བདེ་བས་རབ་ཏུ་མྱོས་པ་གདོན་མི་ཟའོ།།




                                                                                                                            སའེ་ལི་མོ་མཚེའུ་ཡི་ཞོགས་པ།


                                                                                                                                                                                                                                                       ཐན་ཧྲན་རི་བོའི་ཁྲོད་ཀྱི་ལྕགས་ལམ།


                                                                                                                                 རྩྭ་ཐང་གི་ཁྱིམ་ཚང་།



                                                                                                                                  དྭངས་གཙང་གི་མཚེའུ།

       ཝུའུ་ཧའོ་ཀྲེན་ནི་མཐོ་རིམ་བཟོ་བཀོད་པ་ཡིན་ཞིང་རྒྱལ་ཁབ་ཀྱིས་ཐོ་འགོད་བྱས་པའི་ས་བྲག་གི་བཟོ་བཀོད་པ་དང་སི་ཁྲོན་ཞིང་ཆེན་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་ཡིན། ༡༩༨༤ལོར་ཀྲུང་གོའི་ས་གཤིས་སློབ་ཆེན་ནས་མཐར་ཕྱིན་པ་དང་། ལས་ཞོར་དུ་པར་ལེན་རྒྱུར་དགའ་ཞེན་ཆེན་པོ་ཡོད་པ་རེད། ལོ་ངོ༣༠ཡི་རིང་ལ། ཁོང་གིས་མེས་རྒྱལ་གྱི་རི་ཀླུང་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་རང་བྱུང་ཁམས་ལ་ཟོལ་མེད་ཀྱི་བརྩེ་སེམས་བཅངས་ཏེ་བརྩམས་ཆོས་གྲགས་ཅན་སྟོང་ལྷག་པར་ལེན་བྱས་ཡོད། མི་རྣམས་ལ་སྒྱུ་རྩལ་གྱི་ལོངས་སྤྱོད་སྟེར་བ་དང་སྦྲགས་པར་ལེན་སྒྱུ་རྩལ་གྱི་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད་པ་རེད།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1