གྲོང་ཁྱེར་ནང་གི་རྒྱལ་ ཁབ་ཝ་ཐི་ཁན།

ཡེ་ཤེས་ཚེ་རིང་གིས་པར་བླངས་པ་དང་རྩོམ་ཡིག་བྲིས། ཕུན་ཚོགས་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།སྒྲོལ་མ་ལྷ་མོ།ཡོང་ཁུངས།མི་རིགས། སྤེལ་དུས། 02-15


                                                                                                                                                                                                                                              གྲོང་ཁྱེར་ནང་གི་རྒྱལ་ཁབ་ཀྱི་ཟུར་གཅིག                                                                                                                                                                                                          ཉིན་རེ་བཞིན་ཝ་ཐི་ཁན་གྲོང་ཁྱེར་དུ་སླེབས་པའི་ཡུལ་སྐོར་བ་རྒྱུན་ཆད་མེད་པ།

འཛམ་གླིང་ཐོག་ཆེས་ཆུང་བའི་རྒྱལ་ཁབ།

ཝ་ཐི་ཁན་རྒྱལ་ཁབ་ནི་རང་བཙན་རང་བདག་གི་རྒྱལ་ཁབ་ཅིག་ཡིན་ཞིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ༠.༤༤མ་གཏོགས་མེད། དེ་ནི་རོ་མ་གྲོང་ཁྱེར་གྱི་ཐའེ་པའེ་ཆུ་བོའི་ནུབ་ཕྱོགས་སུ་གནས་ཡོད་ཅིང་། དེ་རུ་གནའ་རབས་རོ་མའི་བཟོ་སྐྲུན་དང་འཚོ་བའི་ཤུལ་བཞག་ཧ་ཅང་མང་པོ་ཡོད་པ་རེད། ཕྱོགས་བཞི་མཚམས་བརྒྱད་དབྱི་ཐ་ལིའི་རྒྱལ་ས་རོ་མ་དང་འབྲེལ་བའི་དབང་གིས་དེ་ལ་རྒྱལ་ཁབ་ནང་གི་རྒྱལ་ཁབ་དང་། གྲོང་ཁྱེར་ནང་གི་རྒྱལ་ཁབ་ཅེས་བརྗོད་པ་རེད། ཝ་ཐི་ཁན་ས་ཁམས་ཐོག་ནས་བལྟས་ན་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཡང་། དེ་ནི་འཛམ་གླིང་ཡོངས་ཀྱི་གནམ་བདག་ཆོས་ལུགས་པའི་ལྟེ་གནས་ཤིག་སྟེ། འཛམ་གླིང་གི་མི་ཡོངས་ཀྱི་དྲུག་ཆ་གཅིག་གིས་གནམ་བདག་ཆོས་ལུགས་ལ་དད་པ་བྱས་པ་རེད། དེར་བརྟེན། ཝ་ཐི་ཁན་གྱི་ཆབ་སྲིད་དང་རིག་གནས་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད་པ་རེད།

སྔོན་མར་ཝ་ཐི་ཁན་ནི་ཆོས་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་། ༡༩༢༩ལོ་ནས་བཟུངལ་ཐེ་ནན་ཆིངས་ཡིགབཞག་སྟེ་རང་བདག་རྒྱལ་ཁབ་ལ་གཏན་འཁེལ་བྱས་རྗེས་ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ཝ་ཐི་ཁན་གྱི་སྤྱི་དམངས་མང་ཆེ་ཤོས་ནི་ཆོས་སྒྲུབ་མཁན་ཡིན་ཞིང་། དེའི་ནང་ཆོས་དཔོན་དང་། ཆོས་འཆད་མཁན། ཡེ་ཤུ་ཆོས་ལུགས་ཀྱི་དགེ་སྒྲུབ་མ། དེ་མིན་སྐད་གྲགས་ལྡན་པའི་སུའེ་ཙེར་སྐུ་སྲུང་རུ་ཁག་བཅས་ཡོད། ཕྱི་མ་འདི་ནི་ཆེད་དུ་ཆོས་ལུགས་པར་ཞབས་འདེགས་ཞུ་བའི་རང་མོས་ཀྱི་སྐུ་སྲུང་རུ་ཁག་ཅིག་ཡིན་ནོ། 

ཧྲེང་པི་ཏའེ་ཆོས་ཁང་ཆེན་མོ།

ཝ་ཐི་ཁན་རྒྱལ་ཁབ་ཀྱི་སྐད་གྲགས་ལྡན་པའི་ཧྲེང་པི་ཏའེ་ཆོས་ཁང་ཆེན་མོའི་དངོས་མིང་ལ་ཧྲེང་པའེ་ཏུའོ་ལུའུ་ཆོས་ཁང་ཆེན་མོ་ཞེས་བརྗོད་ཅིང་། ཧྲེང་པི་ཏའེ་ནི་དབྱིན་ཇིའི་སྐད་དུ་སྒྲ་བསྒྱུར་བ་ཡིན། དང་ཐོག་ཆོས་ཁང་དེ་ནི་གོང་མའི་སློབ་དཔོན་ཐན་ཏིང་གིས་སྤྱི་ལོ༣༢༦ནས༣༣༣ལོ་བརཧྲེང་པའེ་ཏུའོ་ལུའུ་ཆོས་ཁང་ཆེན་མོའི་རྨང་གཞིའི་སྟེང་བཟོ་སྐྲུན་བྱས་པ་རེད། དུས་རབས༡༦བར་ཆོས་པ་ཀྲུའུ་ལི་ཨའོ་སྐུ་ཐོག་གཉིས་པས་ཧྲེང་པའེ་ཏུའོ་ལུའུ་ཆོས་ཁང་ཆེན་མོ་བསྐྱར་སྐྲུན་བྱ་རྒྱུར་ཐག་གཅོད་བྱས་པ་མ་ཟད། ༡༥༠༦ལོར་ལས་འགོ་བཙུགས་པ་རེད། ཧ་ལམ་ལོ་ངོ༡༢༠ཡི་བསྐྱར་སྐྲུན་བྱས་པའི་གོ་རིམ་ནང་དབྱི་ཏ་ལི་ཡི་ཆེས་ཕུལ་དུ་བྱུང་བའི་བཟོ་རྩལ་པ་དང་སྒྱུ་རྩལ་པ་པོ་ལ་མན་ཐེ་དང་། སྨི་ཁའེ་ནང་ཅི་ལུའོ། ཏའེ་ལ་པོ་ཨར་ཐ་ཧོ་ཁ་ལོ་མར་ཐའེ་ཨར་བཅས་ཀྱིས་མཉམ་འབྲེལ་སྒོས་བཟོ་བཀོད་དང་། འཛུགས་སྐྲུན་གྱི་གཙོ་འགན་བཞེས་པ་བརྒྱུད། ༡༦༢༦ལོའི་ཟླ༡༡པའི་ཚེས༡༨ཉིན་ལེགས་འགྲུབ་བྱུང་བ་རེད། ༡༨༧༠ལོ་ནས་བཟུང་གལ་ཆེའི་ཆོས་ལུགས་བྱེད་སྒོ་རྣམས་ཆོས་ཁང་འདིར་སྤེལ་འགོ་བརྩམས་པ་རེད།

ཧྲེང་པི་ཏའེ་ཆོས་ཁང་ཆེན་མོ་ནི་དེང་སང་འཛམ་གླིང་ཐོག་ཆེས་ཆེ་བའི་ཆོས་ཁང་ཞིག་ཡིན་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༢.༣ཡོད་པ་དང་། བཟོ་སྐྲུན་གཙོ་བོའི་མཐོ་ཚད་ལ་སྨི༤༥.༤དང་། རིང་ཚད་ལ་སྨི༢༡༡ཡོད། ཆོས་ཁང་དེའི་ནང་ཧ་ལམ་མི་ཁྲི༦ལྷག་གིས་མཉམ་དུ་ཆོས་སྒྲུབ་ཆོག་པ་རེད། བཟོ་རྩལ་གྱི་ཁྱད་ཆོས་ནི་རིག་རྩལ་བསྐྱར་དར་དུས་སྐབས་སུ་བཏོན་པའི་གནའ་གཞུང་རིང་ལུགས་ཀྱི་བཟོ་ལྟ་མངོན་གསལ་ཡོད་པ་དང་། ཆོས་ཁང་ནང་གི་བཀོད་པ་མཛེས་ཤིང་བརྗིད་ཆགས་པ། གྱང་ངོས་དང་པང་གཅལ་གྱི་རི་མོ་ཚང་མ་ཚོས་འདོག་མི་འདྲ་བའི་རྡོ་ཀ་མ་རུ་མཐུད་སྦྱོར་བྱས་ནས་གྲུབ་ཡོད་པས། བཟོ་སྐྲུན་གྱི་བཀོད་པ་ངོ་མཚར་བ་ཞིག་འདུག་གོ 

ཝ་ཐི་ཁན་གྱི་དངོས་མང་བཤམས་སྟོན་ཁང་ནང་དུ་ཉར་ཚགས་བྱས་པའི་རྫ་ཆས་དང་འཇིམ་བརྙན།

ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་ནི་ཧྲེང་པི་ཏའེ་ཆོས་ཁང་ཆེན་མོའི་བྱང་ཕྱོགས་སུ་གནས་ཡོད་པ་དང་། དེ་ཡང་འཛམ་གླིང་ཐོག་ཆེས་སྔ་ཤོས་ཀྱི་དངོས་མང་བཤམས་སྟོན་ཁང་ཞིག་རེད། དེའི་ནང་འཛམ་གླིང་ཐོག་མཐོང་དཀོན་བའི་གནའ་རྫས་དང་སྒྱུ་རྩལ་གཅེས་ནོར་མང་པོ་བསྡུ་ཉར་བྱས་ཡོད་པ་དང་། ལོན་ཏོན་ཏ་དབྱིན་དངོས་མང་བཤམས་སྟོན་ཁང་དང་། པ་ལི་ལུའུ་ཧྥོ་ཕོ་བྲང་སོགས་དང་སྙན་གྲགས་མཉམ་པ་རེད། བཤམས་སྟོན་ཁང་དུ་བཤམས་པའི་སྒྱུ་རྩལ་གྱི་གཅེས་ནོར་དེ་དག་གིས་ཀྱང་བཤམས་སྟོན་ཁང་དེ་འཛམ་གླིང་ཐོག་ཆེས་ཆེ་བ་དང་ཆེས་འོད་སྟོང་འབར་བའི་སྒྱུ་རྩལ་བཤམས་སྟོན་ཁང་ཞིག་ཡིན་པ་བསྙོན་མེད་ཆགས་ཡོད་པ་རེད།

ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་དེ་ཝ་ཐི་ཁན་ཕོ་བྲང་གི་གྲུབ་ཆ་ཞིག་ཡིན་ལ། སྤྱི་ལོ་དུས་རབས༥པའི་དུས་མཇུག་གམ་དུས་རབས༦པའི་དུས་མགོ་ཙམ་ལ་བཟོ་སྐྲུན་གྱི་འགོ་བཙུགས་པ་དང་། དེར་རྫ་ཆས་ཧ་ཅང་མང་པོ་ཉར་ཚགས་བྱས་ཡོད་ཅིང་། དེ་དག་མང་ཆེ་ཤོས་ནི་ཞི་ལ་གནའ་རབས་ཀྱི་དངོས་པོ་དང་། རི་མོ་མང་ཤོས་རྫ་ཆས་ཐོག་བྲིས་པའི་རི་མོ་ཡིན། མི་རབས་རྗེས་མ་ཚོས་དེ་ལ་རྫ་བུམ་ཐོག་གི་རི་མོ་ཞེས་བརྗོད་པ་རེད། ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་པའི་འཇིམ་བཟོས་དངོས་རྫས་ཀྱང་སྐད་གྲགས་ཆེ་ཞིང་། དེའི་ཁྲོད་ཀྱི་ཨ་པོ་ལོཞེས་པ་དེ་ཕྱིས་ཀྱི་དུས་རབས་ཁ་ཤས་ནང་མི་རྣམས་ཀྱིས་ནུབ་ཕྱོགས་འཇིམ་བརྙན་སྒྱུ་རྩལ་གྱི་མཛེས་བའི་ཚད་གཞིར་བཞག་མྱོང་བ་རེད།

གཞན་ཡང་སྐད་གྲགས་ལྡན་པའི་འཇིམ་བརྙན་ཆེན་པོལ་ཨའོ་ཁུངཞེས་པ་དེ་ཡང་དེར་ཉར་ཚགས་བྱས་ཡོད་དེ། དེའི་མཐོ་ཚད་ལ་སྨི་༢ཙམ་ཡོད། ཁུངས་འཚོལ་ར་སྤྲོད་བྱས་པར་གཞིགས་ན། དེ་ནི་ཨ་ཀེ་ཏའེ་ལུའོ་སི་དང་ཁོང་གི་བུ་པོ་ལི་ཙོག་ལོའུ། ཨ་ཏེན་རུའོ་ཏུའོ་ལོའུ་ཕ་བུ་གསུམ་གྱིས་སྤྱི་ལོའི་སྔོན་གྱི་དུས་རབས་དང་པོའི་དུས་དཀྱིལ་དུ་བརྩམས་པར་བཤད་ལ། སྤྱི་ལོ༡༥༠༦ལོར་རུ་རོ་མ་ས་འོག་ནས་ཐོན་རྗེས་འཛམ་གླིང་ཐོག་ཆེས་མཛེས་པའི་འཇིམ་བརྙན་དུ་གྲགས་པ་རེད། ཞི་ལ་གནའ་རབས་དང་རོ་མ་གནའ་རབས་ཀྱི་འཇིམ་བརྙན་སྒྱུ་རྩལ་དེས་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་སྒྱུ་རྩལ་པ་ཚོར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད་པ་དང་། ཁོང་ཚོས་དཔྱད་གཞིར་འཛིན་པ་དང་རྒྱུད་འཛིན་བྱ་རྒྱུའི་ཐད་དུས་རབས་དབྱེ་བའི་བྱས་རྗེས་བཞག་པ་རེད།

ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་ནང་གི་ལག་བཟོའི་སྒྱུ་རྩལ་གནའ་རྫས།

ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་ནང་ཞི་ལ་གནའ་རབས་དང་རོ་མ་གནའ་རབས། དེ་མིན་དབྱི་ཐ་ལིའི་རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་གསེར་དངུལ་ལས་གྲུབ་པའི་རྒྱན་ཆ་མི་ཉུང་བ་ཉར་ཚགས་བྱས་ཡོད་པ་རེད། དངོས་པོ་དེ་དག་བཟོ་ལུགས་ཞིབ་ཕྲ་དང་བཟོ་རྩལ་ངོ་མཚར་ཆེ་བ་མ་ཟད། མཛེས་དཔྱོད་ཀྱི་ལོངས་སྤྱོད་དང་གནའ་རྫས་དཔྱད་ཞིབ་ཀྱི་རིན་ཐང་ཆེན་པོ་ལྡན་པས། གནའ་རྫས་ཀྱི་ཁྲོད་ཆེས་སྔ་ཤོས་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བདུན་པའི་ཧྥེང་ཉིན་སི་དུས་སྐབས་སུ་འཚོལ་རྟོག་བྱས་ཆོག་པ་རེད།

ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་གི་དེང་རབས་ཀྱི་སྒྱུ་རྩལ་དངོས་པོ།

ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་དུ་ད་དུང་དེང་རབས་སྒྱུ་རྩལ་མཁས་ཅན་གྱིས་བྲིས་པའི་རི་མོ་དང་། འཇིམ་བརྙན་བརྩམས་ཆོས་ཧ་ཅང་མང་པོ་བསྡུ་ཉར་བྱས་ཡོད་དེ། དཔེར་ན། ཧྥན་ཀའོ་དང་། ཀའོ་གེན། པའི་ཅ་སོ་སོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་དང་། དེ་མིན་འཇར་མན་གྱི་རི་མོ་བ་ཁའེ་ཨར་ཞི་ལ་དང་། ནོར་ཝེའི་རི་མོ་བ་མོའུ་ཁེ། ཨུ་རུ་སུའི་རི་མོ་བ་བྱ་ཅ་ཨེར། ཐ་ན་སི་ཕེན་གྱི་རི་མོ་བ་ཏ་ལི་ལ་སོགས་པའི་བརྩམས་ཆོས་ཡང་ཉར་ཚགས་བྱས་ཡོད། སྒྱུ་རྩལ་པ་མཁས་ཅན་དེ་ཚོའི་བརྩམས་ཆོས་ཀྱི་ནང་དོན་མཐའ་དག་ཆོས་ལུགས་དང་འབྲེལ་བ་ཡོད་པས། ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་གིས་ཐད་ཀར་བསྡུ་ཉར་བྱས་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་པ་རེད།

རིག་རྩལ་བསྐྱར་དར་དུས་སྐབས་ཀྱི་ལྡེབས་རིས་སྒྱུ་རྩལ་གྱི་ནོར་མཛོད།

ཞི་སི་ཐིང་ཆོས་ཁང་དེ་ནི་སྤྱི་ལོ་༡༤༨༡ལོར་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། རོ་མ་ཆོས་ཀྱི་གོང་མ་སྒེར་གྱི་ཕྱག་འཚལ་ཁང་ཞིག་ཡིན་པ་རེད། ད་ལྟ་ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་གི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པ་རེད། ནང་གི་གྱང་ངོས་དང་གནམ་གཅལ་ཐོག་ཏུ་ལྡེབས་རིས་ཀྱིས་བརྒྱན་ཡོད་ཅིང་། དབྱི་ཐ་ལི་རིག་རྩལ་བསྐྱར་དར་སྐབས་ཀྱི་རི་མོའི་སྒྱུ་རྩལ་གྱི་ནོར་མཛོད་ཞིག་ཆགས་ཡོད་པ་རེད། ལྡེབས་རིས་དེ་དག་གཟི་བརྗིད་ལྡན་པ་དང་། བཟོ་དབྱིབས་རྙོག་འཛིང་ཡིན་ཞིང་། ལོ་ན་དང་། ཕོ་མོའི་དབྱེ་བ། ཐོབ་ཐང་མི་འདྲ་བའི་མི་སྣ་མང་པོ་བྲིས་ཡོད་པ་དང་། གཟུགས་བརྙན་གསོན་ཉམས་ལྡན་པས། གཤིས་རྒྱུད་ཀྱང་གསལ་པོ་མཚོན་ཡོད་པ་རེད།


                                                                                                               

                                                                                                                         ཧྲེང་པའེ་ཏུའོ་ལུའུ་ཆོས་ཁང་ཆེན་མོའི་ཐང་ཆེན་གྱི་ཕུག་རོན།                                                                                                                                                  ཧྲེང་པི་ཏའེ་ཆོས་ཁང་ཆེན་མོའི་ནང་ངོས་ཀྱི་བཀོད་པ།


                                                                                                                                                                

         ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་གི་བར་ཁྱམས་ཀྱི་གནམ་གཅལ་མཛེས་རྒྱན།                                                                          ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་གིས་ཉར་ཚགས་བྱས་ཡོད་པའི་གནའ་རབས་ཀྱི་ལག་བཟོའི་གསེར་གྱི་རྒྱན་ཆས།                               ཝ་ཐི་ཁན་དངོས་མང་བཤམས་སྟོན་ཁང་གིས་ཉར་ཚགས་བྱས་པའི་གནའ་རབས་ཀྱི་འཇིམ་བརྙན་སྒྱུ་རྩལ་གྱི་གནའ་རྫས།


                                                                                                                                                                                                                                         ཞི་སི་ཐིང་ཆོས་ཁང་གི་ལྡེབས་རིསཡ་ཏེན་སློབ་གླིང

 





     


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1