༄༅།། འགྱུར།

ཨ་སྐྱབས་དར་རྒྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-16


ཨ་སྐྱབས་དར་རྒྱས། (དཀར་མཛེས)


        ཨ་ཤོད་ཁ་བ་ལ་རིས་ཉི་མའི་གསེར་ཞྭ་གྱོན་དུས་ཨ་ནེ་ཆོས་སྐྱིད་དུས་ལྟར་མཆོད་རྟེན་བསྐོར་དུ་འགྲོ་དགོས།
        ཨ་ནེ། ཁྱོད་མཆོད་རྟེན་བསྐོར་དུ་འགྲོ་བ་ཡིན་ནམ། ཨེ་ཏོ་ཏོ་ཟེར་བའི་བྱིས་པ་དེ་ཨ་ནེ་ཆོས་སྐྱིད་ཀྱི་ལག་མགོར་འཇུས་ནས་དེ་ལྟར་དྲིས།
        ཡིན།
        ང་ལ་རྩེད་ཆས་ཤིག་ཨེ་ཉོ།
        ལོས་ཉོ། ཅི་ཞིག་དགོས།
        བོའུ་ཞིག་ཨེ་ཉོ།
        མི་ཉོ།
        དེ་ན་གྲི་ཞིག་ཉོ་རོགས། ངའི་འགྱིག་གྲི་འདི་ཆགས་ལ་ཁད་རེད།
        མི་ཉོ། ཁྱོད་ལ་གྲི་དང་བོའུ་མིན་པའི་རྩེད་ཆས་ཅི་ཞིག་དགོས་ན་ཉོ་ཆོག
        མི་དགོས། ཨེ་ཏོ་ཏོ་ཟེར་བའི་བྱིས་པ་དེ་མ་དགའ་བའི་ཉམས་ཀྱིས་དེ་མ་ཐག་ཁ་ཕྱིར་འཁོར་ནས་བུད་སོང་ལ། གོམ་པ་བཅུ་ཙམ་ལ་སོང་རྗེས། འགྱིག་གི་གྲི་རིང་ལྡེམ་ཞིང་མཉེན་པ་དེ་མཁའ་ལ་ལན་འགའ་གཡུག་ནས་རྒྱ་སྐད་ཀྱིས་ང་ནི་ཨོ་ཐུ་མ་ཡིན་ཟེར།
        ཨ་ནེ་ཆོས་སྐྱིད་ཀྱིས་མ་ཎི་འདོན་མཚམས་བཞག་ཏེ་ཧ་ལས་ནས་གམ་གྱི་བྱིས་པ་དེ་ལ་ལྟ་ཞོར་ཨ་ཙི། དེང་སང་ཡ་མཚན་རེད། བྱིས་པ་ཚོའི་རྩེད་མོ་རྩེད་ལུགས་ཀྱང་འགྱུར་འདུག མགོ་བོ་འཕྲེད་དུ་གཡུག་བཞིན་བསྡད།
        ཨ་ནེ་ཆོས་སྐྱིད་ནི་ལོ་བདུན་ཅུ་ལོན་པའི་བགྲེས་མོ་ཞིག་རེད། མོ་ནི་དུས་རབས་གོང་མའི་ལོ་རབས་བཞི་བཅུ་པའི་ནང་དུ་སྐྱེས་པའི་འབྲོག་མོ་ཕལ་བ་ཞིག་ཡིན། ད་ལྟ་སྐྲ་ལོ་ཡོངས་སུ་དཀར་པོར་གྱུར་ལ་ངོ་གདོང་དུ་གཏིང་ཟབ་པའི་གཉེར་མས་ཁེངས་འདུག
        ལོ་དགུ་ལ་སོན་པའི་བྱིས་པ་དེས་ཨ་ནེའི་མི་རངས་བའི་སྐད་ཆ་དེ་གོ་བ་ན་འགྱིག་གི་གྲི་རིང་དེ་གཡུག་མཚམས་བཞག་ནས་ཨ་ནེ། ང་ཨོ་ཐུ་མ་ཡིན། ངས་གྲི་འདི་གཡུག་ཐེངས་ གཅིག་གིས་དགྲ་བོ་ཚང་མ་རྩ་མེད་བཟོ་ཐུབ། ཧ་ཧ། ད་ཁྱོད་ཀྱིས་ང་ལ་རྩེད་ཆས་ཉོ་རྒྱུ་ཨེ་ཡིན་ཞེས་ཡང་བསྐྱར་དྲིས།
        ཨ་ནེ་ཆོས་སྐྱིད་ཀྱིས་བྱིས་པའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་ཡང་བསྐྱར་དེང་སང་ཡ་མཚན་རེད། བྱིས་པ་ཚོའི་རྩེད་མོ་རྩེད་ལུགས་ཀྱང་འགྱུར་འདུག་ཅེས་བཤད།
        ཨེ་ཏོ་ཏོས་ནམ་རྒྱུན་ཁོའི་འདོད་འདུན་མ་ལུས་ཅི་བཞིན་སྐོང་བའི་ཨ་ནེའི་ངོ་ལ་ཡ་མཚན་གྱིས་ལྟ་ཞོར་ཨ་ནེ་ཁྱོད་བྱིས་པ་ཡིན་དུས་ཅི་ལྟར་རྩེད་མྱངས་ཞེས་དྲིས།
        ང་ཚོས་ཐབ་རྡོ་ཁྱེར་ནས་ཇ་སྐོལ་བ་དང་། བྱིས་པ་རྩེད་རོགས་གཉིས་ལས་མེད་ཀྱང་གཅིག་མགྲོན་པོ་དང་། གཞན་པ་དེས་ཁྱིམ་བདག་བྱས་ནས་དགའ་སྤྲོའི་ངང་མགྲོན་པོ་སྣེ་ལེན་བྱེད་པ་དང་། ད་རུང་རྡེའུ་དཀར་ནག་མང་པོ་བསྒྲིགས་ཏེ་ཕྱུགས་ཡིན་ཁུལ་བྱས་ནས་རྩེད་མོ་རྩེ་བ་ཡིན། དེ་དུས་དེང་སང་ལྟ་བུའི་རྩེད་ཆས་མེད་ཀྱང་ང་ཚོའི་སེམས་ཧ་ཅང་སྐྱིད། ད་ནི་བྱིས་པ་ཚོས་ཀྱང་ཅི་ཞིག་གསོད་པ་དང་ཅི་ལྟར་གསད་དགོས་པར་བསམ་བློ་བཏང་ནས་ཉི་མ་ཕུད་ཐབས་བྱེད་བཞིན་ཡོད། ཨ་ཤུ། ད་ནི་དངོས་གནས་ཨོ་རྒྱན་རིན་པོ་ཆེའི་ལུང་བསྟན་ཐོག་ལ་འགྲོ་བཞིན་འདུག”ཅེས་བཤད་ཞོར་མོ་རང་བསམ་གཞིག་གི་རྒྱ་རུ་ཚུད།
        ཨ་ནེ་ཆོས་སྐྱིད་ཀྱིས་ཁེར་ལབ་མང་པོ་ཞིག་བྱས་ནས་མཚམས་འདིར་བསླེབས་དུས་མིག་ཆུ་རྡོག་པོ་འགའ་ཁ་རོག་གེར་ཁོ་མོའི་གཏིང་དུ་ལྷུང་བའི་མིག་ཟུང་ལས་གཉེར་མས་ཁེངས་པའི་ངོ་གདོང་དུ་བཞུར་བྱུང་།
        ཨེ་ཏོ་ཏོས་ད་རུང་ཅི་ཡིན་ཆ་མ་འཚལ་ནས་ཨ་ནེ། ཁྱོད་ཀྱིས་རྐང་པ་ན་ཡི་འདུག་གམ།
        ཁྱོད་དེ་རིང་མཆོད་རྟེན་བསྐོར་དུ་འགྲོ་ན་ང་ལ་རྩེད་ཆས་དེ་ཉོ་རྒྱུ་མ་བརྗེད་ཅེས་ཁོའི་ཤ་གསེང་རུས་རྐང་དུ་ཟུག་པའི་འདོད་འདུན་དེ་གླེང་བྱུང་། །
                                                                                2015.2.5



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1