༄༅།།ཉི་འོད་ལ་བཅོལ་བའི་སྨོན་ལམ།

ཨ་སྐྱབས་དར་རྒྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-16


ཨ་སྐྱབས་དར་རྒྱས།


1
        གདངས་དམའ་ལ་ཁུ་སིམ་པའི་རོལ་དབྱངས་ཞིག་མི་ཡུལ་གྱི་དག་ཞིང་ཞེས་པའི་རོལ་རྩེད་གླིང་གི་ཁང་མིག་འདིའི་ནང་དལ་གྱིས་གྲག་བཞིན་འདུག ང་ཧ་ཅང་ཐང་ཆད་པའི་ངང་དཀར་ཞིང་གཙང་ལ་དྲི་མ་མེད་པའི་ཉལ་གོས་ཀྱི་ནང་དུ་གཅེར་བུར་ཡོད་པའི་སྐབས་སུ། འཇིག་རྟེན་སྐྱེ་བོ་སུ་ཞིག་གིས་ཀྱང་མཐོང་བ་ཙམ་གྱིས་ལུས་ཀྱི་བ་སྤུ་གཡོ་བར་བྱེད་ལ། འདོད་པའི་ཁྲག་རྩ་རབ་ཏུ་རྒྱས་པར་བྱེད་པའི་གཞོན་ནུ་མ་གཉིས་ལྷ་ཡུལ་ནས་མི་ཡུལ་དུ་བབས་པ་བཞིན་ངའི་མལ་ཁྲིའི་གན་དུ་ཉེ་བར་བཏུད་བྱུང་། མཆུ་སྒྲོས་བྱུ་རུ་ལྟར་དམར་བའི་ན་ཆུང་མ་དེས་ཆང་དམར་དམ་བེ་གང་ང་ལ་བཀྱགས་ནས“གསར་ཡག་ལགས། ཁྱེད་ཀྱི་ཁ་པར་ནི་ད་སོ་མ་ཚོང་རའི་ནང་དུ་ཐོན་པའི་ཀུ་ཤུ་སྐུ་འཕྲེང་དྲུག་པ་རེད། ངོ་མ་ཡག་པ་ལ། བདུད་རྩི་མཆོད་དང”ཟེར། ངས་སྒམ་ཚུགས་མི་ཤོར་བའི་ཚུལ་དུ་དུ་བ་ཁམ་གང་དལ་གྱིས་མིད་བཞིན་མོ་ལ་ཁ་ཡ་མི་བྱེད་པའི་ཟོལ་བསྟན་པ་ན། ན་ཆུང་མ་གཞན་པ་དེས་ངའི་ལག་པ་མོའི་རབ་ཏུ་སྨིན་པའི་མྱོས་བུམ་ཟུང་གི་བར་དུ་བཅུག་ནས་སླར་ཡང“གསར་ཡག་ལགས། ཁྱེད་ཀྱི་མཁྲིག་མགོའི་ཆུ་ཚོད་དེ་ནི་ད་སྐོར་ཚོང་རའི་ནང་གི་རིན་གོང་ཆེས་མཐོ་ཤོས་དེ་རེད། ངོ་མ་ཅི་འདྲའི་མཛེས་པ་ལ”ཟེར། གསར་བུ་འདིས་སྔོན་ཆད་རང་ཉིད་ལ་མཛུབ་ཆུང་མེད་པས་མིའི་སྔོན་དུ་ལག་པ་སྲིང་བར་འཛེམ་དོགས་ཆེ་ཡང་། ད་ནི་སྒྲོལ་མ་གསུང་འབྱོན་མའི་སྐུ་དྲིན་གྱིས་ལག་མགོར་གསེར་ཐག་གི་ལག་གདུབ་དང་། ལག་འདོགས་ཆུ་ཚོད། ཀུ་ཤུ་ཁ་པར་སོགས་ཀྱིས་བརྒྱན་ན་མི་མང་པོ་ཞིག་གིས་ལག་གཡས་པའི་མཛུབ་ཆུང་མེད་པ་དེ་ཡང་མཐོང་བཞིན་མེད་ལ། ལྷག་ཏུ་གཞན་ནོར་བཙན་གྱིས་འཕྲོག་མཁན་གྱི་དཔའ་བོ་ཞིག་ལ་མཛུབ་མོ་གཅིག་མི་ཚང་བ་ནི་རང་གི་ཆེ་བ་ངོམས་པའི་དཔའ་ཉམས་ཤིག་ཀྱང་རེད་འདོད།
        ཨ་ཙི། ང་དངོས་གནས་ཧ་ལས་སོང་། ན་ཆུང་མ་འདི་གཉིས་ཀྱིས་གོས་དཀར་ཀྱི་གྱོན་པ་ཆུ་ཤོག་ལས་ཀྱང་སྲབ་ལ། ཕྱི་ནང་གསལ་སྒྲིབ་མེད་པས་ངའི་སེམས་ལ་སེང་རས་ཕག་གི་མཛེས་མ་ཞེས་པ་ནི་འདི་འདྲ་ཞིག་ལོས་ཡིན་སྙམ། ལང་ཚོའི་གཟི་དཔལ་གྱིས་བརྒྱན་པའི་དཀར་ཟླུམ་གྱི་མྱོས་བུམ་ཟུང་དང་། དཀར་ཞིང་འཇམ་ལ་ཕྲ་ཞིང་རིང་བའི་བརླ་ཤ། དབྱར་གྱི་མེ་ཏོག་ཁ་གད་པའི་ལྟ་བུའི་མཚན་མ། མིག་ཁྲ་ཆུང་ཆ་ག་ཟུང་ལ་འཛུམ་པའི་མདངས་ཀྱིས་བྱུག་པའི་ན་ཆུང་མ་དེ་གཉིས་ཀྱིས་ཧ་ཅང་བྱང་ཆ་ལྡན་པའི་སྒོ་ནས་ངའི་རྐང་མཐིལ་དུ། བསིལ་འཇམ་གྱི་མཆུ་སྒྲོས་གླན་དེ་དམར་ཆུང་ལྕེ་ཡི་ཉུག་ཉུག་བྱེད་བཞིན་ཡར་ཡར་ལྕེ་ལྡག་བྱས་པ་ན། ངའི་ལུས་སེམས་གཉིས་ཀ་སྐད་ཅིག་ལ་བདེ་སྣང་བསམ་གྱིས་མི་ཁྱབ་པ་ཞིག་གིས་ཡོངས་སུ་ཁེངས་ལ། ང་རང་སྤྲིན་པ་ལེབ་མོ་ཞིག་གིས་ཁུར་ནས་མཁའ་དབྱིངས་སུ་དལ་གྱིས་འཕགས་བྱུང་།
        འདི་ནི་ང་ལ་གྲོང་ཁྱེར་འདིའི་རྐུན་མའི་རྒྱལ་པོས་བསླབས་པའི་འབྱོར་ལྡན་གྱི་མི་རླབས་ཆེན་ཚོའི་འདོད་པའི་འཚོ་བ་རོལ་སྟངས་ལས“བཙུན་མོ་གཉིས་རོལ་ཞེས་པ་དེ་རེད། འོ། ང་ནི་གྲོང་ཁྱེར་འདིའི་ནང་གི་རྐུན་མ་ཞིག་ཡིན། ངའི་མིང་ལ་རྐུན་མ་མཛུབ་ལོ་ཟེར།
2
        ཉི་འོད་ཧ་ཅང་ཚ། འབྱོར་ལྡན་གྱི་ཕྱུག་པོ་ཚོ་ནི་དུས་སྐབས་འདི་འདྲ་ཞིག་ལ། ཉམས་དགའ་བའི་ཇ་ཁང་ཞིག་གམ། ཁོད་ཡངས་པའི་ལྷིང་འཇགས་ཀྱི་གནས་ཤིག་ཏུ་བཟའ་བཏུང་དང་། རྒྱན་པོ་འགྱེད་སོགས་འཇིག་རྟེན་སྐྱིད་པའི་དཔལ་ལ་རོལ་བཞིན་ཡོད་ཀྱང་འབྱོར་མེད་ཀྱི་མི་ཚོ་ནི་འདི་ལྟར་སྡོད་པའི་ཁོམ་པ་མེད་པར་རང་ཁ་གསོ་བར་གྲོག་མ་བཞིན་འདུར་རྒྱུག་དགོས། ཉི་འོད་ཁྲོད་དུ། ལག་འཐེན་འདྲུད་འཁོར་དེ་ནི་གསེར་ཐར་སྲང་ལམ་གྱི་འཚང་ཁ་ཤིག་ཤིག་བྱེད་པའི་མི་ཚོགས་ཀྱི་གྲལ་དུ་བསླེབས་བྱུང་། འཚོ་གནས་ལ་རེ་བའི་མིག་ཟུང་བགྲད་ཅིང་སྐྱོ་བ་རུམ་གང་བསྣམས་ནས་དལ་གྱིས་བསླེབས་བྱུང་། ལག་འཐེན་འདྲུད་འཁོར་ཐོག་ཏུ་བཟའ་བཏུང་ལ་མཁོ་བའི་ཅ་ལག་དང་། བྱིས་པ་ཞིག་བཞག་འདུག་ལ། བྱིས་པས་བལ་བཤལ་རྒྱབ་ཏུ་གྱོན་ནས། མཚམས་རེར་སྲང་ལམ་དུ་འགྲོ་འོང་བྱེད་པའི་མི་ཚོའི་གདོང་ལ་ཅེར་ནས་གད་མོ་ལྷུག་ལྷུག་དགོད་ལ། ལན་རེར་བལ་བཤལ་གྱིས་མགོ་བོ་བཏུམས་ནས་སྐད་ཆ་ཚིག་གཅིག་ཀྱང་མི་ལབ་པར་རབ་ཏུ་སྐྱོ་བའི་ཚུལ་གྱིས་ངུ་བར་བྱེད། འོན་ཀྱང་ཡ་མཚན་པ་ཞིག་ལ། ལག་འཐེན་འདྲུད་འཁོར་འདེད་པའི་བགྲེས་མོ་དེས། དེ་ནི་ཧ་ཅང་རྒྱུན་ལྡན་ཞིག་གིས་ཚུལ་གྱིས་སུ་ལའང་གསལ་བཤད་མེད་པར། རྟག་ཏུ་མགོ་སྔོན་དུ་སྒུར་ནས་ལག་འཐེན་འདྲུད་འཁོར་དེད་ནས་སློང་མོ་བྱེད་པར་གོམས་ཡོད། མོ་ནི་ལུས་པོ་གཞུ་ལྟར་གུག་ལ་ངོ་གདོང་གཉེར་མས་ཁེངས་པའི་ཨ་ཡེ་དཔལ་སྐྱིད་རེད། མོས་རྟག་པར་འདུ་འཛི་ཆེ་བའི་གསེར་ཐར་སྲང་ལམ་དུ་སློང་མོ་བྱེད་བཞིན་ཡོད། དེ་རིང་ནི་ལམ་འགྲོ་རྒྱུགས་པའི་ཉིན་མོ་ཞིག་རེད། ཟས་ཁང་གི་སྦྱིན་བདག་མ་དེས་མགྲོན་པོའི་ཟས་ལྷག་དག་ཨ་ཡེ་དཔལ་སྐྱིད་ཀྱི་ཤོག་ཅན་ནང་དུ་བླུགས།
3
        ཉི་མ་དམར་པོ་སྣུམ་ཟད་ཀྱི་མར་མེ་བཞིན་གྲོང་ཁྱེར་འདིའི་དུད་སྨུག་གསེབ་ནས་ནུབ་ཕྱོགས་སུ་བཞུད་སོང་། གློ་བུར་དུ་སུ་ལའང་གྲོས་མོལ་བྱ་མི་དགོས་པའི་ཆར་རླུང་དྲག་པོ་ཞིག་ཤུགས་ཀྱིས་གཡུག་ནས་ལམ་འགྲམ་གྱི་ལྗོན་ཤིང་དག་ཀྱང་རང་དབང་མེད་པར་འདར་སིག་སིག་བྱེད་བཞིན་གདའ།
        གྲོང་ཁྱེར་འདིའི་ཤར་ཕྱོགས་ཀྱི་གཞིས་ཁུལ་ཞིག་ན་ལོ་བདུན་ཅུ་ལོན་པའི་ཧོང་བགྲེས་མོ་ཟེར་བ་ཞིག་འདུག མོ་གོམ་འགྲོས་འཁྱར་འཁྱོར་གྱིས་སྡོད་ཤག་ཏུ་འཛུལ་དུས་ང་ཡང་མོའི་རྗེས་སུ་རྐང་འཇབ་ལག་འཇབ་ཀྱིས་ཡོང་ནས་སྒོ་རྒྱབ་ཏུ་སྦས་ནས་བསྡད། དེ་ནི་ཅི་འདྲའི་དགོད་བྲོ་བའི་དོན་དག་ཅིག་རེད་ཨང་། མོའི་མིག་གི་དེ་ཙམ་གསལ་པོར་མི་མཐོང་ལ། མཚམས་མི་ཆད་པར་གློ་ལུ་རྒྱག་བཞིན་འདུག མོ་ནི་ནད་པ་ཞིག་ཡིན་ནམ་སྙམ། མོས་ཅ་ལག་བཅུག་པའི་ཆུ་ཁུག་ནག་པོ་དེ་མདུན་ཅོག་ཐོག་ཏུ་བཞག་ལ། ཁྱིམ་ཕུག་གི་བརྙན་འཕྲིན་འགྲམ་དུ་སོང་ནས་གདན་འཇོག་ཁ་པར་བཏང་། ཧོང་བགྲེས་མོས་ཁ་པར་དེ་མོའི་བུ་དང་བུ་མོ། ཡང་ན་ཉེ་རིང་དང་གྲོགས་པོ་སུ་ཞིག་ལ་བཏང་བ་མི་ཤེས་མོད། ཁ་པར་དེ་ནི་མོ་ལ་མཚོན་ན་ཆག་སྒོ་ཆེན་པོ་ཞིག་ཡིན་པ་འདྲ། མོས་ཁ་པར་ལས“ད་ནི་ངའི་སྒོར་མོ་ཡོངས་རྫོགས་ཚར་ལ་ཉེ་འདུག སྨན་པས་མགྱོགས་མྱུར་གཤེགས་བཅོས་དགོས་ཟེར། ངའི་དངུལ་བྱང་སྟེང་གི་སྒོར་ཚང་མ་བླངས་ཀྱང་སྨན་རིན་ཕྱེད་ཀ་ཡང་ལོན་མི་འདུག ད་ག་རེ་བྱེད་དགོས། ཁྱོད་རབ་ན་ང་ལ་རོགས་པ་བྱ་རུ་ཡོང་དགོས། དེ་མིན་རུང་སྒོར་མོ་མགྱོགས་མྱུར་མ་བསྐུར་ན་ངའི་ནད་གཞི་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་འགྲོ་བཞིན་མཆིས་ཞེས་བཤད།
        ཁ་པར་གཏོང་སའི་མི་དེས་ཅི་ཞིག་བཤད་པ་མི་ཤེས་མོད། གང་ལྟར་སྙན་མོ་ཞིག་བཤད་མེད་ཁོ་ཐག་རེད། ཧོང་བགྲེས་མོས་རབ་ཏུ་ཁྲོ་བའི་སྐད་ངག་འདར་སིག་སིག་བྱེད་བཞིན་ཁ་ནས“ཁྱོད་ཚོ་ནི་མི་མ་རེད་ཅེས་གཤེ་གཤེ་བཏང་ལ། མོའི་ལག་གི་གདན་འཇོག་ཁ་པར་གྱི་ཉན་ཆས་དེ་ཡང་ཁྲོག་གེར་སར་ལྷུང་སོང་། དེ་དང་མཉམ་དུ་མོ་ཡང་ཁ་སྦུབ་ཏུ་ས་ལ་འགྱེར།
        དེའི་དུས། ཧོང་བགྲེས་མོའི་སྒོ་རྒྱབ་ཏུ་རྐུན་མ་ཞིག་སྦས་ན་ཡོད་པ་ནམ་ཡང་ཤེས་སྲིད་དམ། ངས་གོ་སྐབས་དམ་འཛིན་གྱིས་མདུན་ཅོག་ཐོག་གི་སྒོར་མོ་གཅུད་པའི་ཆུ་ཁུག་ནག་པོ་དེ་ལག་ཏུ་བཟུང་ནས་ཤར་གྱིས་སྒོར་བུད། ཉིན་དེ་ནི་ཇི་འདྲའི་རླུང་རྟ་དར་བའི་ཉིན་མོ་ཞིག་རེད་ཨང་། ངའི་ལག་ཏུ་སྒོར་མོ་ཞིག་འདི་འདྲའི་ལས་སླ་མོའི་ངང་ཐོབ་པ་ཐེངས་དང་པོ་ཡིན། རླུང་རྟ་རྒྱུག་པའི་དུས་འདིར། ང་རྐུན་མའི་ལས་རིགས་འདི་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་སྔོན་ཆད་གྲོང་ཁྱེར་འདིའི་རྐུན་མའི་རྒྱལ་པོས་ཁྲིད་མྱངས་སའི་མི་ཡུལ་གྱི་དག་ཞིང་ཞེས་པའི་རོལ་རྩེད་གླིང་འདིར་ཡོང་།
4
        ཉི་འོད་ཤིན་ཏུ་ཚ་ཡང་། ཁ་ལ་ཟས་ཤིག་རེག་ན་དེ་ནི་གལ་ཆེན་ནང་གི་དོན་ཆེན་ཞིག་རེད། དཔལ་སྐྱིད་ཀྱིས་ཤོག་ཅན་ནང་གི་རྩིག་རྡོག་ཅིག་ལག་འཐེན་འདྲུད་འཁོར་ཐོག་གི་བུ་ཁེ་ལོའི་ཁ་ནང་དུ་བཞག མོས་ནམ་རྒྱུན་ཁོའི་དཔྲལ་བའི་སྟེང་གི་ཟོར་བའི་དབྱིབས་ཀྱི་རྨ་ཤུལ་ཆེན་པོ་དེ་མཐོང་མ་ཐག འདས་ཟིན་པའི་མི་ལོ་དུ་མའི་སྔོན་གྱི་དོན་དག་དེ་ངམ་ངམ་ཤུགས་ཀྱིས་ཡིད་ལ་འཕོས་བྱུང་། མཚན་མོ་དེར་ཆར་བ་དྲག་ཏུ་བབས་ལ། གནམ་ས་གཉིས་སྟེང་འོག་བརྗེ་བ་ལྟ་བུའི་ཐོག་འབྲུག་གློག་གསུམ་བྱས། དེ་དང་མཉམ་དུ་ཞེ་སྡང་གི་མེ་ལྕེ་འབར་ལ། གདུག་རྩུབ་ཀྱི་བོའུ་ཐུང་བཟུང་བའི་མི་ཞིག་གློ་བུར་དུ་དཔལ་སྐྱིད་ཚང་གི་ཁྱིམ་ལ་འཛུལ་བྱུང་། མི་འདིས་མགོ་ལ་རྐུན་ཞྭ་ནག་པོ་ཞིག་གྱོན་ནས་ངོ་གདོང་གསལ་པོ་མི་མཐོང་ཡང་། ལྭ་བ་ནག་པོ་གྱོན་པའི་མི་འདི་གཟའ་རྒོད་མཁའ་ནས་རྒྱུག་པ་བཞིན་ཐད་ཀར་མལ་ཁྲིའི་ཐོག་ཏུ་སྡོད་པའི་ངའི་ཁྱོ་ག་ལ་ཁྱེད་ཚང་གི་སྒྲོལ་མ་གསུང་འབྱོན་གྱི་སྐུ་དེ་གང་ན་ཡོད། ཡག་པོ་མ་བཤད་ན་ནག་ཚུབ་བེར་འཇོག་ངེས”ཟེར། དེའི་དུས། ངའི་ཁྱོ་ག་ནི་དཔའ་བོ་ཞིག་ཡིན་པས་དགྲ་ནག་པོ་ཐད་ལ་བྱུང་ན། ཐེ་ཚོམ་ཅི་ཡང་མེད་པར་མལ་ཁྲིའི་སྟེང་ནས་ལྡིང་བ་དང་། མདུན་གྱི་ཅོག་ཙེའི་ཐོག་གི་ཚོད་གྲི་རྣོན་པོ་དེ་བླངས་ནས་རྐུན་མ་དེའི་མགོ་ལ་གཟས་ནས་ཤུགས་ཀྱིས་ལན་གཅིག་བཏབ་པའི་སྐད་ཅིག་མ་དེར། རྐུན་མ་ནི་གཡོ་སྒྱུ་ལྡན་པ་ཞིག་ཡིན་པས་མགོ་གཡས་ལ་གཟུར་བྱུང་། ངལ་ཆེན་གྱིས་གཡུག་པའི་ཚོད་གྲི་དེ་ཁོའི་ལག་མགོ་གཡོན་མ་ལ་ཐེབས་པ་དང་། ལག་གཡོན་མའི་མཛུབ་ཆུང་མ་ནི་ཁྲག་དམར་འཛར་འཛར་ཐང་ལ་ལྷུང་བྱུང་ཡང་། བོའུ་སྐད་འབྲུག་འདྲ་བ་གསུམ་བསྟུན་མར་གྲགས་པའི་རྗེས་སུ། ཁྱོ་ག་བླ་བདེ་བོ་མལ་ཁྲིའི་སྟེང་ནས་ས་ཐོག་ཏུ་འཕངས།
        མགོ་ལ་རྐུན་ཞྭ་ནག་པོ་གྱོན་ལ། མིག་དང་ཁ་ལས་ཅི་ཡང་མི་མཐོང་བའི་རྐུན་མ་འདི་ད་དུང་ཡར་རྒྱུག་ཞོར་མཆོད་ཁང་ནས་སྒྲོལ་མ་གསུང་འབྱོན་མའི་སྐུ་དེ་ཁུར་ཁུག་ནག་པོ་ཞིག་གི་ནང་དུ་བཅུག འགྲོ་ཞོར་དུ། དཔལ་སྐྱིད་ཀྱི་པང་ན་བཟུང་བའི་བུ་ཆུང་དེའི་མགོ་ལ་གྲི་རྩེས་རྒྱ་གྲམ་ཞིག་བྲིས་པ་དང་། “བྱིས་པ་འདིའི་ཕ་རྒན་གྱིས་ངའི་མཛུབ་ཆུང་མ་བཅད་སོང་བ་མ་བརྗེད་པར་གྱིས་ཤིག”ཟེར་ནས་དཔལ་སྐྱིད་ཀྱི་མཁལ་ཁུག་ཏུ་རྡོག་ཐོ་མུན་རུབ་པ་ལྟ་བུ་ཞིག་གཞུས་ནས་བུད་སོང་། དཔལ་སྐྱིད་བརྒྱལ་ལས་སད་དུས་བུ་ཆུང་ཁེ་ལོའི་གདོང་ཡོངས་ཁྲག་གིས་སྦངས་ནས་ས་ཐོག་ཏུ་ངུ་འབོད་བྱེད་བཞིན་འདུག དཔལ་སྐྱིད་ཀྱིས་ལོ་དུ་མའི་སྔོན་གྱི་དོན་དེར་དེ་ལྟར་ཕྱིར་དྲན་བྱེད་ཞོར། སྡུག་བསྔལ་གྱི་མིག་ཆུ་ཞིག་གཏིང་ཟབ་པའི་གཉེར་མའི་ཁུག་ནས་ཐུར་དུ་འདྲིལ་བྱུང་།
དེ་ནས་བཟུང་། བུ་ཁེ་ལོ་ཟེར་བ་འདི་ཡང་ཀླད་པ་སྐྱོན་ཅན་གྱི་མི་ནད་པ་ཞིག་ཏུ་གྱུར། མོའི་མི་ཚེ་གང་གི་སློང་མོ་དང་དཀའ་སྡུག་གི་འཚོ་བ་འདི་ལྟར་འགོ་བརྩམས་དགོས་བྱུང་། དེའི་དུས། དཔལ་སྐྱིད་ནི་ལང་ཚོ་དར་ལ་བབ་པའི་བུ་མོ་མཛེས་མ་ཞིག་ཡིན་ལ། བུ་ཁེ་ལོ་ནི་ལོ་གསུམ་ལ་ལོན་པའི་བྱིས་པ་ཆུང་ཆུང་ཞིག་རེད།
5
        གྲོང་ཁྱེར་ནང་དུ་གློག་འོད་ཁྲ་ཆི་ལེར་འདུག ང་གཉིད་ལས་སད་དུས་ཕལ་ཆེར་ནམ་དཀྱིལ་ཞིག་ཡིན་པ་འདྲ། ཆ་རྒྱུས་མེད་པའི་མི་ཞིག་གིས་སྒོ་དལ་གྱིས་རྡུང་བཞིན་ཉིད་ཀྱིས་སྒོ་ཕྱེ་རོགས་ཟེར། དེ་དུས་ངས་གཞི་ནས་རང་ཉིད་ཉེན་རྟོག་པའི་གཡོ་འོག་ཏུ་ཚུད་ཡོད་པ་ཤེས། ང་མགྱོགས་མྱུར་ངང་ཡར་ལངས་ཤིང་སྒེའུ་ཁུང་ཕྱེ་ནས་ཕྱི་རོལ་ཏུ་བལྟས། སྟབས་མི་ལེགས་པ་ཞིག་ལ་འདི་ནི་ཁང་པ་སུམ་ཐོག་ལ་ཁེལ་འདུག ཕྱི་རོལ་གྱི་སྒོ་རྡུང་བའི་སྒྲ་ཇེ་ཆེ་དང་ཇེ་མགྱོགས་རེད། “ཁྱོད་ཀྱིས་སྒོ་མ་ཕྱེས་ན་ང་ཚོའི་བཙན་གྱིས་སྒོ་གཏོར་རྒྱུ་ཡིན་ལ། ད་ནི་ཁྱོད་རང་འགྲོ་ས་མེད་པས་མགོ་སྒུར་ན་གུ་ཡངས་ལ་གཏོང་ངེས”ཟེར། དེ་དུས་ང་ལ་ཐེ་ཚོམ་ཅི་ཡང་མེད་པར་སུམ་ཐོག་གི་སྒེའུ་ཁུང་ནས་མར་ས་ཐོག་ལ་ལྡིང་། མཚམས་འདིར་ཡོད་ཚད་ནག་ཐིབ་བེར་སོང་ལ། དོན་དག་ཅི་ཞིག་བྱུང་བ་ང་ལ་གསལ་པོ་ཞིག་བཤད་རྒྱུ་མི་འདུག མཚན་མོ་དེར། ང་ཤི་སོང་བ་འདྲ། ང་ནི་འཕུར་སྐྱོད་ལ་རང་དབང་ལྡན་པ་དང་། ཡང་ཞིང་གཡོ་བའི་ལུས་ཕུང་འདི་སྔར་བའི་རང་དབང་ལྡན་པ་ཞིག་རེད། ང་མགྱོགས་མྱུར་མི་ཡུལ་གྱི་དག་ཞིང་ཞེས་པའི་རོལ་རྩེད་གླིང་གི་ཕྱོགས་སུ་ཡོང་། སྒོ་འགྲམ་དུ་ཚགས་པར་བཙོང་ས་ཞིག་འདུག་ལ། དེ་རུ་མི་ཚོགས་མང་པོ་ཞིག་འདུས་ནས་ཚགས་པར་ཐོག་གི་གསར་འཕྲིན་ལ་ལྟ་བཞིན་འདུག ང་ཡང་མི་ཚོགས་ཀྱི་གྲལ་དུ་འཚང་ནས་ཚགས་པར་ཐོག་གི་གསར་འགྱུར་ལ་བལྟས། ཨ་ཙི། དེ་ནི་ང་དང་འབྲེལ་བ་ཡོད་པའི་གསར་འགྱུར་གལ་ཆེན་ཞིག་རེད། རྐུན་མ་མཛུབ་ལོས་ཟླ་7ཚེས་7ཉིན། འཆམ་མཐུན་གཞིས་ཁུལ་གྱི་ཧོང་བགྲེས་མོ་ལགས་ཁྱིམ་ནས་བསད་ལ། སྒོར་མོ་ཁྱེར་བའི་དོན་རྐྱེན་ཉེན་རྟོག་པས་ཤེས་རྗེས། རྐུན་མ་མཛུབ་ལོ་སྤྲོ་སྐྱིད་རོལ་རྩེད་གླིང་དུ་འཇུ་བཟུང་བྱས་མོད། རྐུན་མ་འདི་སུམ་ཐོག་ནས་ལྡིང་དེ་རང་ཤི་བརྒྱབ་འདུག་ཅེས་བཀོད་འདུག
        ང་མི་ཚོགས་ཀྱི་གྲལ་དུ་འཚང་ནས་སྐད་ཤུགས་ཆེན་པོས“ཧོང་བགྲེས་མོ་ངས་བསད་པ་མིན”ཞེས་བཤད་ཀྱང་མི་ཚོའི་ང་ལ་ཁ་ཡ་བྱེད་བཞིན་མི་འདུག ང་ཉེན་རྟོག་པའི་གན་དུ་སོང་ནས“ང་འདི་ན་ཡོད། ཧོང་བགྲེས་མོ་ངས་བསད་པ་མིན་ཞེས་བཤད་ཀྱང་ཁོ་ཚོའི་ང་མཐོང་བཞིན་མེད་པ་དང་། ངས་སྐད་ཆེན་པོས་གཏམ་མང་པོ་བཤད་ཀྱང་ང་ལ་ཨ་ལན་བྱེད་མཁན་གཅིག་ཀྱང་མི་འདུག
        ངས་གཞི་ནས་རང་ཉིད་འཇིག་རྟེན་འདི་ནས་ཤི་སོང་བ་རེད་འདོད། འོན་ཀྱང་ང་ལ་ད་རུང་འགྲོ་འདུག་ཆོག་པའི་ལུས་ཕུང་ཞིག་འདུག་ལ། ངས་རང་ཉིད་ད་དུང་འཇིག་རྟེན་མི་ཡུལ་དང་ཁ་གྱེས་ཡོད་པར་ཡིད་ཆེས་མ་བྱས། གཅིག་བྱས་ན་ཉེན་རྟོག་པས་ང་འཛིན་བཟུང་བྱེད་དུས། མགོ་ལ་དབྱུག་པའི་བརྒྱབ་ཏེ་ཀླད་པར་སྐྱོན་ཤོར་ནས་རང་ཉིད་སྨན་ཁང་དུ་བསྐྱལ་ཡོད་ཀྱང་། ད་ནི་རང་ཉིད་འཁྲུལ་ནས་སུས་ཀྱང་མི་ཤེས་པའི་གླེན་རྟགས་སྟོན་བཞིན་འདུག་སྙམ།
        རྒྱ་གྲམ་དམར་པོའི་གློག་རྟགས་ཡོད་པ་དེ་ནི་སྨན་ཁང་རེད། སྨན་ཁང་དུ། སྨན་པས་ངའི་ཁ་ནང་དུ་གསོ་རླུང་བཅུག་ལ། ལུས་ལ་གནམ་ཁབ་བརྒྱབ་ནས་མྱུར་སྐྱོབ་བྱེད་བཞིན་མཆིས། ང་ཤི་སོང་བ་ག་ལ་ཡིན། ངའི་ལུས་ཡོངས་ངལ་དུབ་ཀྱིས་རྔུལ་ཆུས་བརླན་ནས་མགོ་བོ་ཡར་འདེགས་མི་ཐུབ་ལ་དབུགས་ཀྱང་གཏོང་ལེན་དཀའ་བས་མགྱོགས་མྱུར་གཉིད་དུ་ཡུར་སོང་།
        སྨན་ཁང་གི་སྒེའུ་ཁུང་ནས་བལྟས་ན། ཕྱི་རོལ་དུ་ཡོད་པའི་གྲོང་ཁྱེར་གྱི་ཁང་བརྩེགས་དག་མཐོང་ཐུབ། ང་ནི་རྐུན་མ་མཛུབ་ལོའི་རྣམ་ཤེས་ཡིན། ད་ཐེངས་ང་རང་སྡོད་སའི་ཁོར་ཡུག་ནི་དེ་འདྲའི་སྐྱིད་པོ་ཞིག་མིན། གྲོང་ཁྱེར་འདིའི་ལྷོ་ཕྱོགས་ཀྱི་གྲོང་མཐའ་ཞིག་ཡིན་པ་འདྲ། ང་ཟས་འཚོལ་དུ་འགྲོ་སའི་དུད་ཁྱིམ་འདིའི་ཆ་རྐྱེན་བཟང་རྒྱུ་མེད་ལ། སྡོད་ཤག་རྙིང་པ་ཞིག་ཏུ་བསྡད་ཡོད་པས་ང་ནམ་རྒྱུན་ཁང་པའི་སྟེང་ཤོད་དང་། སྒེའུ་ཁུང་སོགས་གང་རུང་ནས་ནང་དུ་འཛུལ་ཐུབ། ལྷག་པར་དབྱར་དུས་ཚ་དུབ་ཆེ་བས་དུད་ཁྱིམ་འདིའི་སྒེའུ་ཁུང་ནི་ནམ་རྒྱུན་ཕྱེ་ནས་ཡོད། ང་རྟག་པར་སྒེའུ་ཁུང་ནས་འཛུལ་དེ་ཁོ་ཚང་ལ་ཟས་འཚོལ་དུ་འགྲོ་བཞིན་ཡོད། ནམ་རྒྱུན་ང་ཡང་འཚོ་དགོས་པས་ཟས་བཟའ་དགོས་ལ། མི་ཡང་གསོན་དགོས་ན་ཟས་ཟ་དགོས་པའི་གནས་ལུགས་གཅིག་པ་རེད་འདོད། ང་ནི་སྤྲེའུ་བཞིན་གང་སར་མཆོང་ལྡིང་ཐུབ་ལ། ལུས་པོ་ལྡེམ་མྱུར་ལྡན་པའི་གང་བྱུང་དུ་གཞན་གྱིས་འཛིན་མི་ཐུབ། ལྕགས་ཀྱི་སྐུད་པ་ལྟ་བུའི་རྔ་མ་ཕྲ་ལ་རིང་བ་འདི་དྲུད་ནས་མཚན་མོ་རྐུ་ལ་འགྲོ་དུས། རང་ཉིད་ནི་དཔའ་བོ་ཞིག་ཡིན་པའི་ཉམ་སྣང་སྐྱེས་ཡང་། དོན་དངོས་སུ་ང་ནི་གཟུགས་ཆུང་ལ་མི་རྣམས་ཀྱིས་དགྲ་རུ་ལྟ་བའི་ཙི་གུ་ཞིག་གི་སྐྱེ་ལུས་བླངས་འདུག
        ངས་ནམ་རྒྱུན་རང་གི་སྐྱེ་བ་སྔོན་མ་དེ་དྲན་བཞིན་ཡོད་ལ། ང་རྐུན་མ་མཛུབ་ལོ་ཟེར་བ་དེ་ཡིན་པ་གསལ་པོར་དྲན་པ་མ་ཟད། ད་དུང་མུན་ནག་གི་མཚན་མོ་རེ་རེར་གཞན་གྱི་ཁང་ཁྱིམ་དུ་རྐུ་ལ་འགྲོ་བ་དང་། སྒྲོག་ཙེ་དང་། མདུན་ཅོག་སོགས་ཀྱི་ཐོག་ནས་མར་ས་ལ་ལྡིང་དུས་རང་གི་ཀླད་པ་རྡོ་ལ་བརྡབས་ནས་ཤི་བར་ཞེད་ལ། དེ་ནི་སྐྱེ་བ་སྔོན་མའི་མཚན་མོ་དེར། ང་རང་མི་ཡུལ་གྱི་དག་ཞིང་ཞེས་པའི་རོལ་རྩེད་གླིང་གི་སུམ་ཐོག་ནས་མར་ལྡིང་དུས་མགོ་བོ་རྡོ་ལ་བརྡབས་ནས་ཤི་སོང་བའི་བག་ཆགས་ཡིན་པ་འདྲ།
ང་ནི་ཉམ་ཆུང་བའི་ཙི་གུ་ཞིག་ཡིན་ཡང་། མི་ཚོས་ཙིག་རྐུན་ཞེས་མིང་ངན་པ་ཞིག་བཏགས་ཡོད་པར་ཚིག་པ་གཏིང་ནས་ཟ་བཞིན་ཡོད། ངས་རིམ་གྱིས་རྒྱུས་ལོན་བྱས་པ་བརྒྱུད་དུད་ཁྱིམ་འདིའི་ཁྱིམ་བདག་གི་མིང་ལ་ཁེ་ལོ་ཟེར་བ་དང་། ཁོ་ནི་བོད་ཡུལ་ནས་ནང་ལོག་ཏུ་འཁྱར་ནས་ཡོང་བའི་དབང་པོ་སྐྱོན་ཅན་གྱི་མི་ཞིག་རེད། ཁྱིམ་གྱི་ཅ་ལག་དང་ཟས་རིགས་ནི་གང་བྱུང་དུ་འཇོག་རྒྱུར་དགའ་བས་ངས་ཀྱང་མི་འདི་ཁྱིམ་ན་མེད་པའི་དུས་སུ། ཟས་སོགས་གང་འདོད་དུ་བཟས་ནས་འཚོ་བ་རོལ།
        སྐྱེ་བ་སྔོན་མའི་བག་ཆགས་ནི་ཟབ་དྲགས་པས། ངས་ནམ་རྒྱུན་ཁེ་ལོའི་ཅ་ལག་གསར་བ་དག་ལ་མཉམ་བཞག་པ་དང་། ཉིན་ཞིགཁེ་ལོས་ཁྱིམ་དུ་ལྕགས་ཀྱི་སྒམ་ཆུང་དྲ་མ་ཅན་ཞིག་ཁྱེར་ཡོང་། དེ་ནི་ངའི་རང་ཉིད་འཛིན་བཟུང་བྱེད་པའི་ཅ་ལག་ཅིག་ཡིན་པ་གཏན་ནས་མ་ཤེས་ལ། ཁེ་ལོ་ཟེར་བའི་མི་འདི་ངའི་སྟེང་ལ་ཁོང་ཁྲོ་ལངས་བཞིན་པའང་ཤེས་མེད། ངའི་སེམས་སུ་ང་ནི་ཙི་གུ་ཞིག་ཡིན་ཡང་རྐུན་མ་ངར་བ་ཞིག་རེད་འདོད། འོན་ཀྱང་འཇིག་རྟེན་ཐོག་གི་རྐུན་མ་མཐའ་དག་ལ་མཇུག་འབྲས་བཟང་པོ་ཞིག་མེད་པ་ནི་ཆོས་ཉིད་དུ་གྲུབ་ཡོད་པ་འདྲ། ཚ་བ་རབ་ཏུ་རྒྱས་པའི་གྲོང་ཁྱེར་གྱི་མཚན་མོ་རེ་རེར། ངས་རྨི་ལམ་འཇིགས་པོ་རྐྱང་རྐྱང་རྨིས་ནས་གཉིད་དུ་ཡུར་བར་གོམས་ཡོད།
6
        གསེར་ཐར་སྲང་ལམ་དུ་ཉི་འོད་ལམ་ལམ་དུ་འཚེར་བཞིན་འདུག ཉི་འོད་ཁྲོད་དུ་དཔལ་སྐྱིད་ཀྱིས་ཉི་འོད་ལྟ་བུའི་སྨོན་ལམ་ཞིག་འདེབས་བཞིན་ལམ་དུ་ཆས། ཕྱོགས་བཅུའི་སེམས་ཅན་གང་རྣམས་ཇི་སྙེད་པ། དེ་དག་རྟག་ཏུ་ནད་མེད་བདེ་བར་གྱུར། འགྲོ་བ་ཀུན་གྱི་ཆོས་ཀྱི་དོན་རྣམས་ནི། མཐུན་པར་གྱུར་ཅིག་རེ་བའང་འགྲུབ་པར་ ཤོག”དཔལ་སྐྱིད་ཀྱིས་རྟག་པར་བཟང་སྤྱོད་སྨོན་ལམ་ཁ་འདོན་བྱེད་བཞིན་ཡོད་ལ། ལྷག་ཏུ་གོང་གི་སྨོན་ལམ་འདོན་པའི་དུས་སུ། མོས་ཁ་ཞེ་གཉིས་མེད་ཀྱིས་དེ་ལྟར་བསམས་བཞིན་ཡོད་ལ། སེམས་ཅན་རྣམས་ལ་ནད་མེད་པ་དང་འཁོན་པ་མེད་པ་ནི་འཇིག་རྟེན་འདིའི་བདེ་བ་ཆེ་ཤོས་རེད་འདོད།
        དཔལ་སྐྱིད་ཀྱིས་རང་གི་ལས་དབང་ལ་བསམ་བློ་གཏོང་བཞིན་ནམ་རྒྱུན་གསེར་ཐར་སྲང་ལམ་དུ་སློང་མོ་བྱེད་དུས། མོས་རྟག་པར་བཟང་སྤྱོད་སྨོན་ལམ་འདོན་པ་དང་། སློང་མོ་བྱེད་དུས“ཁ་དྲོ། ང་ལ་སྒོར་མོ་གཅིག་ཨེ་སྦྱིན། ངའི་བུ་དབང་པོ་སྐྱོན་ཅན་ཞིག་ཡིན”ཟེར། གལ་ཏེ་ཕ་རོལ་པོས“ང་ལ་སྒོར་མོ་ མེད”ཅེས་བཤད་ན། མོས་སླར་ཡང“ཁ་དྲོ་”ཟེར་ནས་ལམ་སེང་བུད་འགྲོ། དེ་བས་དཔལ་སྐྱིད་ནི་གསེར་ཐར་སྲང་ལམ་གྱི་ཆེས་ཀུན་སྤྱོད་བཟང་བའི་སློང་མོ་བ་ཞེས་ཀུན་གྱིས་གུས་བཀུར་བྱེད་ས་ཞིག་ཏུ་གྱུར།
དཔལ་སྐྱིད་ནི་ད་ལྟ་མོ་ལོ་དྲུག་ཅུ་ལོན་པའི་རྒས་འཁོག་ཅིག་ཡིན་ཡང་། སློང་མོ་བྱེད་དུ་འགྲོ་དུས་རྐང་པར་ན་རྒྱུ་ཆེ་བའི་འཐེང་བཞིན་འགྲོ་དགོས་ལ། གོམ་པ་བཅུ་ལྷག་གི་མཚམས་ནས་ཁ་ནས་དངན་པ་འཐེན་ཞོར། ལག་པས་རྐེད་པ་བསྐྱོར་ནས་ངལ་གསོ་དགོས། རྟག་པར་གསེར་ཐར་སྡེ་བའི་གད་སྙིགས་འཕོ་ས་དང་། ཟས་ཁང་གི་སྙིགས་ཟས་དོར་ས། སྲང་ལམ་གྱི་རྡུལ་ལུད་འཕོ་ས་སོགས་ཉུག་པར་དགའ་ལ། སྲང་ལམ་ནང་གི་མི་སུ་ཐུག་ལ་མཐེ་མོ་བགྲེང་ནས“ཞལ་དྲོ་ཚེ་རིང་རྒྱུ་བོ། སྒོར་མོ་གཅིག་ཨེ་སྦྱིན། སྤྲང་པོ་ངོ་མ་ཡིན།བུ་ནི་དབང་པོ་སྐྱོན་ཅན་ཞིག་ཡིན”ཟེར་དུས། སེམས་ན་སྙིང་རྗེ་དང་། ལག་ན་སྒོར་མོ་ཡོད་པའི་མི་ཞིག་ཡིན་ནས་བཟུང་། མོའི་རལ་པོར་གྱུར་བའི་ལྭ་བ་དང་། དཀའ་ཁག་གི་གདུང་བའི་ཞལ་རས་སྐྱོ་པོ་དག་མཐོང་མ་ཐག ཡར་མར་དུ་འགྲོ་བའི་སྐུ་མགྲོན་ཚོས་ཚམ་ཚོམ་མེད་པར་སྒོར་མོ་རེ་སྦྱིན་ནས་མོར་རོགས་སྐྱོར་གང་ཐུབ་བྱེད།
7
        ང་གཉིད་ལས་སད་དུས། ཕོ་བ་བཀྲེས་ལྟོགས་ཀྱིས་མནར་ནས་མེ་འབར་བ་བཞིན་སྡོད་བཟོད་མི་འདུག མཚན་མོ་དེར། ངས་ཡང་བསྐྱར་ཁེ་ལོའི་བཟའ་ཆས་འཇོག་སའི་སྒྲོམ་གྱི་སྒོ་གཏན་མེད་པའི་གོ་སྐབས་སྤྱད་དེ། ནང་དུ་ཟས་འགྲངས་ཐག་ཆོད་པ་ཞིག་བཟས་ལ་སྒོ་རུ་འབུད་དུས། ལྕགས་སྒམ་དྲ་མ་ཅན་དེའི་ནང་སིལ་ཏོག་དང་ཟས་ཞིམ་པོ་སྐོར་ཞིག་བསྒྲིགས་ནས་ཡོད་པ་མཐོང་། གང་ཞིག་ནས་རིན་མེད་དུ་ཟས་ཞིམ་པོ་ཞིག་མཐོང་ན། ང་ལ་དེ་ཟ་འདོད་ཀྱི་འགྲམ་ཆུ་དབང་མེད་དུ་ལྡང་སྲིད། ངས་བྱང་ཆ་ལྡན་པའི་ལག་ཟུང་ནང་དུ་བསྲིངས་བ་ན། ཁྲོག་སྒྲ་གཡུ་འབྲུག་གི་ངར་སྐད་ལྟ་བུ་ཞིག་རྣ་ལམ་དུ་གྲག་དུས། ང་ལ་བསམ་དབང་དྲན་དབང་མེད་པར་ཙིག་སྒམ་དེའི་ནང་དུ་བཅུག་འདུག ད་ནི་ཕྱི་རོལ་དུ་ཐར་བའི་སྐལ་བ་ཡོད་རེ་སྐན། ཙིག་སྒམ་ནང་དུ་ང་ཅི་ལྟར་ཡར་རྒྱུག་མར་རྒྱུག་བྱས་ཀྱང་དེ་ནི་རང་ཉིད་ངར་བའི་རྒྱུ་ལས་མི་འདུག ཕྱི་རོལ་ནས་སྒྲ་ཅུང་ཙམ་རེ་གྲགས་ཀྱང་ང་ནི་སྙིང་ཆད་ནས་ཤི་ལ་ཁད་བྱེད། མཚན་མོ་འདི་ནི་ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་མྱོང་བ་བཞིན་ཡུན་རིང་ལ། ངས་གཟེབ་ནང་ནས་བསྒུག་བསྒུག་པའི་མཐའ་མར་ནམ་གསལ་སོང་།
        ཁེ་ལོ་ཟེར་བའི་སྨྱོན་པ་འདི་ཡར་ལངས་ནས་ང་དང་ལྕགས་ཀྱི་སྒམ་ཆུང་སྒོའི་ཕྱི་རོལ་དུ་བཞག་བྱུང་། དེ་ནི་ཉེས་ཅན་གྱི་བཙོན་པ་ཞིག་ལ་ཁྲིམས་ཐག་གཅད་དགོས་ཞེས་བསྒུག་ཡོད་པ་དང་ཀུན་ནས་མཚུངས།
8
        ཉིན་དེར། གསེར་ཐར་སྡེ་བའི་དགེ་བསྙེན་ཁང་དུ་ཚང་མས་འུར་ཟིང་ཟིང་ཁ་འདོན་དགེ་སྦྱོར་བྱེད་བཞིན་མཆིས། མཚམས་ཤིག་ལ། དགེ་བསྙེན་ཁང་གི་ཇ་མ་ལྷ་མོས་མ་བཟང་ཐལ། ཚང་མས་བཟང་སྤྱོད་འདོན་མཚམས་ཞོག དཔལ་སྐྱིད་ཚང་གི་ཁང་པ་མེ་ལ་ཤོར་ཐལ། ད་མགྱོགས་མྱུར་མེ་གསད་དུ་འགྲོ་ཟེར། ལྕུང་ཀའི་ཚང་ནང་དུ་རྡོ་འཕངས་པ་བཞིན་དགེ་བསྙེན་ཁང་གི་མི་རྣམས་འུར་ཟིང་ངེར་སོང་།
        དཔལ་སྐྱིད་ཚང་གི་ཁང་པ་ནི་མེ་རི་བཞིན་དྲག་ཏུ་འབར་བའི་མེ་ལྕེ་དང་། སྔོ་ལྷོག་ལྷོག་གི་དུ་བའི་ཁྲོད་ན་མ་བུ་གཉིས་ཀྱིས་ཚེ་གང་ལ་བསགས་པའི་ནོར་རྫས་དག སྐད་ཅིག་ལ་ཁྱུར་མིད་བྱེད་བཞིན་མཆིས། མི་ཚོགས་ཀྱིས་ཁང་པའི་མཐའ་བསྐོར་ནས་སྡོད་པ་ལས་གམ་དུ་བཅར་ནས་མེ་གསོད་ཐུབ་མཁན་ཞིག་གང་ན་ཡོད། ཐ་ན་མེ་གསོད་རུ་ཁག་གི་མི་དག་ཀྱང་འུ་ཐུག་ཐབས་ཟད་ནས་ཁང་པའི་རྒྱབ་ཕྱོགས་ནས་ཆུ་མཆོད་དེ་མེ་གསོད་ཐབས་ཙམ་བྱེད་པ་དེའོ།
        དཔལ་སྐྱིད་ཀྱིས་དམར་ལྷབ་ལྷུབ་འབར་བའི་མེ་ཕུང་དང་། སྔོ་ལྷོག་ལྷོག་འཕྱུར་བའི་དུ་བའི་ཁྲོད་ཀྱི་ཁང་པར་ལྟ་ཞོར། ཆོ་ངེ་དང་སྨེ་སྔགས་མི་འདོན་པར་ལག་ཟུང་ཐལ་མོ་སྦྱར་ནས་བླ་མ་དཀོན་ཅོག་གསུམ་མཁྱེན། ངས་ཚེ་གང་ལ་སློང་མོ་བྱས་ནས་མི་དགེ་        བ་བསགས་པས་རེད། ཆོས་གྲོགས་ཚོ། ད་ཧ་ལས་ནས་བལྟ་མ་འདུག སྨོན་ལམ་བཟང་པོ་རྒྱག་དགོས། ཚེ་འདིའི་སྡུག་བསྔལ་ནི་རྨི་ལམ་དུ། རང་གི་བུ་ཤི་བ་དང་འདྲ་བར་ཡོད་ཚད་འཁྲུལ་སྣང་རེད”ཅེས་བློ་གཅིག་སེམས་གཅིག་གི་གསོལ་བ་བཏབ་ནས་བསྡད།
        དགེ་བསྙེན་ཚང་གི་ཇ་མ་ལྷ་མོས་དཔལ་སྐྱིད་ནི་རྒན་མོ་ཡར་འགྲོ་ཞིག་རེད། སུ་ཞིག་གིས་སྦྲ་གཞི་འཁོར་གསུམ་མེ་ལ་ཤོར་དུས་དེ་ལྟར་སྨོན་ལམ་རྒྱག་ཐུབ་ཅེས་བཤད། དཔལ་སྐྱིད་ཀྱིས་མི་གཞན་པའི་རང་ལ་དེ་འདྲའི་གདེང་འཇོག་ཐོབ་པར་ཁ་ཡ་བྱེད་བཞིན་མེད། ཁང་པར་མེ་སྐྱོན་བྱུང་རྗེས་མོ་རྒན་གསོ་ཁང་དུ་རུ་སྤོས་མོད། སྔར་བཞིན་སློང་མོའི་འཚོ་བ་རོལ་ནས་བསྡད་ལ། ལུས་ལ་རྒ་བའི་ཁུར་གྱིས་ནོན་པ་དང་། སེམས་ལ་བུ་ཁེ་ལོའི་ཤི་གསོན་གྱི་གནས་ཚུལ་ཅི་ཡང་གོ་མེད་པས་ཉིན་རེ་ལས་ཉིན་རེར་ལུས་ཟུངས་ཟད་ཅིང་། སེམས་ལ་སྡུག་བསྔལ་གྱིས་ཁེངས་ཡོད་ཀྱང་ནམ་ཞིག་བུ་ཁེ་ལོ་ལ་“བདེ་སྐྱིད་ལྡན་པའི་འཚོ་བ་སྐྱིད་པོ་ཞིག་སྐྱབས་གནས་དཀོན་ཅོག་གསུམ་གྱིས་སྦྱིན་རོགས་ཟེར་ནས་གསོལ་བ་འདེབས་བཞིན་མཆིས།
        དེའི་དུས། དཔལ་སྐྱིད་ཀྱི་གཉེར་མས་ཁེངས་པའི་སྤྱན་ཟུང་གི་མཐའ་རུ་སྐྱོ་བའི་མིག་ཆུ་འཁོར་འདུག་ལ། མིག་ཆུའི་ཐིག་པ་དག་ཆར་ཐིག་བཞིན་ས་རུ་འགྲིལ་བ་ན། དེ་དག་ནི་གདོང་ན་རྒྱ་གྲམ་དབྱིབས་ཀྱི་རྨ་ཤུལ་ཡོད་ལ། དོན་མེད་དུ་གད་མོ་དགོད་རྒྱུར་དགའ་བའི་བུ་ཁེ་ལོར་གྱུར་ནས་ཡར་ལངས་བྱུང་།
9
        ཉིན་དེར། གྲོང་ཁྱེར་གྱི་ཉི་འོད་ཤིན་ཏུ་ཚ། ཁེ་ལོས་ང་ཙིག་སྒམ་དུ་བཅུག་ནས་གྲོང་ཁྱེར་འདིའི་གླིང་ག་ཞིག་ཏུ་ཁྱེར་སོང་། ངའི་སེམས་སུ་ཁེ་ལོས་ང་གླིང་གའི་ནང་དུ་གཏོང་བ་རེད་འདོད། མཚམས་ཤིག་ལ། ཁོས་ང་ཐང་དུ་བཞག་བྱུང་། ང་ཕྱི་རོལ་གྱི་རྩྭ་གསེང་དུ་འགྲོ་འདོད་ནས་ཙིག་སྒམ་ནང་དུ་ཕར་རྒྱུག་ཚུར་རྒྱུག་བྱས་པ་ན། ཙིག་སྒམ་ནི་དྲ་མ་ཅན་ཞིག་ཡིན་པས་ཕྱི་རོལ་ནས་སུས་བལྟས་ཀྱང་མཐོང་ཐུབ་པ་ཞིག་རེད། གནའ་མིའི་ཁ་དཔེར། བསོད་ཟད་བུ་ཡི་ཡར་ལ་ལྟ་བ་དང་། ལ་ཁའི་རྡོ་བ་ཐུར་ལ་འགྲིལ་བ་གཉིས་སྟབས་ཁེལ་པ་བཞིན། རྒྱ་མོ་ཞིག་གིས་ཁྱི་ཞིག་ཁྲིད་ནས་ངའི་གན་དུ་བསླེབས་སོང་། ངས་ཙིག་སྒམ་ཆུང་ནང་ནས་ཡར་བལྟས་པ་ན། ཁྱི་དེ་ནི་ལུས་བོངས་རི་རབ་ཙམ་འདུག་པ་དང་། ང་མཐོང་བ་ན་ཕ་བསད་ཀྱི་ལག་དམར་མཐོང་བ་བཞིན་ཞེ་སྡང་གི་མེ་ལྕེ་འབར་ལ། ང་རྒྱལ་གྱི་དུ་བ་འཁྲུགས་ཤིང་སྐེའི་ལྕགས་ཐག་གི་སིལ་སྒྲ་སྒྲོག་བཞིན་ང་རང་ཁྱུད་མིད་གཏོང་འདོད་ནས་སྟེང་དུ་མཆོང་བྱུང་།
        རྒྱ་མོས་ཁྱིའི་འདོགས་ཐག་ཅི་ལྟར་ཕྱིར་ལ་འཐེན་ཡང་། ལག་ནས་མི་ཐུབ་པར་ང་དང་ལྕགས་སྒམ་གཉིས་སྐད་ཅིག་ཉིད་ལ་བཟའ་སྟོན་པའི་རྣམ་འགྱུར་སྟོན་བཞིན་འདུག ང་སྐྲག་ནས་སྒམ་ཆུང་ནས་ཕར་ལྡིང་ཚུར་ལྡིང་བྱས། མཚམས་ཤིག་ལ། ཁྱིའི་ལྕེ་བསྲིངས་ནས་ང་རང་འཛིན་ལ་ཁད་བྱེད་ཅིང་ཁོང་ཁྲོ་བས་ཁ་ནང་གི་རླངས་པ་དྲོན་པོ་དེ་ཡང་ངའི་གདོང་ལ་བརྒྱབ་བྱུང་བ་དང་། ང་རང་གསོན་བཟའ་འདོད་པའི་འགྲམ་ཆུ་ལྡང་ནས་ཁ་ནང་གི་ཆུའི་ཟེགས་མ་དག་ཆར་ཐིག་བཞིན་ངའི་ལུས་སྟེང་དུ་འཐོར་བྱུང་། ངའི་སེམས་སུ་ཁེ་ལོ་ནི་མི་དབང་པོ་སྐྱོན་ཅན་ཞིག་ཡིན་པ་དང་། འདི་ནི་མི་ཚོགས་ཀྱིས་སྨྱོ་གཏམ་ལ་ཉན་རྒྱུར་དགའ་བས་འདི་ནས་མི་སྡོད་པར་ང་རང་མགྱོགས་མྱུང་གནས་གཞན་པ་ཞིག་ལ་ཁྲིད་ན་ཅི་མ་རུང་སྙམ།
        ཆེས་སྙིང་ན་བ་ཞིག་ལ། མི་ཚོགས་ཀྱིས་བསྐོར་ནས་ཁྱིའི་ང་རང་ཟ་གྲབས་བྱེད་པའི་ཚུགས་ཀ་ལ་སྤྲོ་བའི་ཁེངས་བྱུང་། སྐྲ་ལོ་དམར་པོ་བྱས་པའི་གཞོན་པ་ཞིག་གིས“ཙི་གུ་འདི་མགྱོགས་མྱུར་ཁྱི་ལ་གསོན་པོར་ཟ་རུ་ཆུག་དང”ཟེར། ཡང་ནོར་རྫིའི་དོམ་མ་རལ་པོ་གྱོན་པའི་ལོ་ཆུང་ཞིག་གིས་ཀྱང“ཙིག་རྐུན་དག་གསད་དགོས་ནི་རེད”སོགས་རྩོད་གླེང་སྣ་ཚོགས་བྱས་བྱུང་ལ། ཁེ་ལོ་མ་གཞི་ནས་དབང་པོ་རྒྱུན་ལྡན་མིན་པས་མི་ཚོགས་ཀྱིས་མཐའ་བསྐོར་ནས་སྐད་ཆ་དེ་དག་ལབ་པ་ན། ཝུ་སོང་གིས་སྟག་བསད་ནས་གྲོང་ནང་དུ་ཐོན་པ་བཞིན་ཁོ་རང་ང་རྒྱལ་སྐྱེས་ནས་གད་མོ་ལྷུག་ལྷུག་ཏུ་བགད་བྱུང་།
        བར་སྐབས་ཤིག་ལ། མི་ཚོགས་ཀྱི་ཁྲོད་ནས་གདོང་བ་ནག་ལ། སྐེ་རུ་ཕྲེང་བ་གོན་པའི་རྒད་པོ་ཞིག་སྔུན་དུ་བཅར་ནས། ཁེ་ལོ་ལ། “ཨ་རོགས། ཙི་གུ་འདི་ངས་ཚེ་ཐར་ལ་གཏོང་འདོད་པས་བཙོང་ན་འགྲིག་གམ་ཞེས་སྨྲས། འདི་བཙོང་རྒྱུ་མ་རེད། སྲོག་ཆགས་འདི་ཚེ་ཐར་ལ་གཏོང་མི་འོས། ཙིག་རྐུན་འདི་དག་མངགས་བཏང་ན་ད་དུང་ཁྱིམ་ཚང་གཞན་ལ་ཡོང་ནས་གནོད་བྱ་སྲིད་ཁེ་ལོ་དགོད་བཞིན་དུ་དེ་ལྟར་ཟེར།
        རྒད་པོའི་གདོང་ལ་ཤ་ཚ་བའི་ཉམས་ཤིག་བྱུང་ནས་ཡང་བསྐྱར་ངའི་ཁྱོད་ལ་སྒོར་བརྒྱ་སྟེར། ཙི་གུ་འདི་སྙིང་མ་རྗེ་བཙོང་རོགས་ཟེར།
        ཁེ་ལོས་གདོང་པ་ནག་རོག་གེར་སོང་ནས་ཅི་མི་སྙམ་པར་འདི་སྒོར་མོ་སྦྱིན་དང་མི་སྦྱིན་གྱི་གནད་དོན་ཞིག་མིན། རྐུན་མའི་རིགས་འདི་ངེས་པར་དུ་དམར་གསོད་དགོས། རྐུན་མ་མེད་ན་ང་ཡང་ས་མཐར་འཁྱམས་དགོས་དོན་མི་འདུག་ཞེས་ཚིག་ཐག་ཆོད་པོས་སྒོ་ནས་བཤད།
        ལྟད་མོར་གཡེང་བའི་མི་རྣམས་ཀྱིས་ཀྱང་ཙིག་རྐུན་འདི་ངེས་པར་དུ་གསོད་དགོས་པའི་རྣམ་འགྱུར་བསྟན་བྱུང་། ལྷག་ཏུ་ཟ་འདོད་ཀྱི་འགྲམ་ཆུ་ལྡང་ལ། ལྕེ་དམར་ཆུང་གློག་དམར་འཚུབ་འཚུབ་བྱེད་པའི་ཁྱི་དེ་ངའི་སྟེང་ལ་མཆོང་ནས་ང་དང་ཙིག་སྒམ་མཉམ་དུ་ཁྱུར་མིད་བྱེད་རྩིས་འདུག རྒད་པོ་ཐབས་བཀོད་ཟད་ནས་མི་ཚོགས་དང་གྱེས་སོང་།
        ཁེ་ལོས་ལྕག་ཐུར་ཞིག་བཟུང་ནས་ཙིག་སྒམ་ནང་ལ་གཟབ་གཟབ་བྱས་ནས་བལྟས་བྱུང་། ང་ཧ་ཅང་སྐྲག་ནས་ཡར་ལྡིང་མར་ལྡིང་བྱས། འོན་ཀྱང་ལྕག་ཐུར་འཛེར་ཐེངས་འདིར་ང་ལྡེམ་མྱུར་ལྡན་པའི་ངང་མར་ཕྱོགས་སུ་ལྡིང་བ་ན། ལྕགས་ཐུར་དེ་ངའི་ཕྲ་ཞིང་རིང་བའི་རྔ་མའི་ཐོག་ཏུ་བརྡབས་བྱུང་། ངས་ཤེད་ཀྱིས་འཐེན་པ་ན་རྔ་མ་ཆད་དེ་ཙིག་སྒམ་གྱི་ཕུག་ཏུ་ལྷག་སོང་། ང་ལ་ཟུག་གཟེར་བཟོད་གླགས་བྲལ་བ་ཞིག་བྱུང་ནས་ལུས་པོ་ལྕང་ལོ་འདར་འདར་བྱས།
        ཁེ་ལོས་དཔའ་ཉམས་ལྡན་པའི་ངང་ཅི་ཞིག་ལ་བསམ་བློ་གཏོང་བཞིན་འདུག ངས་ཙིག་སྒམ་ནང་དུ་བློ་རྩེ་གཅིག་ཏུ་བསྒྲིམས་ནས་ཁོའི་གདོང་གི་འགྱུར་བ་ལ་བལྟས། ཁེ་ལོ་ནི་སྨྱོན་པ་ཞིག་ཡིན་ནམ། གལ་ཏེ་ཁེ་ལོ་སྨྱོན་པ་ཞིག་མིན་ན། ང་འདི་ལྟར་ངན་གསོད་བྱེད་མི་སྲིད་ལ། གལ་ཏེ་ད་ལྟ་ཁེ་ལོའི་ཨ་མ་དེ་གན་དུ་ཡོད་རྒྱུ་ན། ང་འདི་ལྟར་གསོད་དུ་འཇོག་སྲིད་དམ། ཁེ་ལོའི་ཨ་མ་ནི་སུ་ཞིག་ཡིན་ནམ། ངས་དེ་ལྟར་བསམ་གཞིག་བྱས། །
10
        ཁེ་ལོའི་ཨ་མའི་མིང་ལ་དཔལ་སྐྱིད་ཟེར།
        རྒན་གསོ་ཁང་དུ། དཔལ་སྐྱིད་ཀྱིས་མིག་ཆུའི་ཐིག་པ་དག་ཁེ་ལོ་གྱུར་ནས་རང་གི་གམ་དུ་ཡར་ལངས་པ་ནི་རང་ཉིད་འཁྲུལ་བ་རེད་འདོད་དེ། མིག་བཙུམ་ནས་ཡུད་ཙམ་ལ་བཟང་སྤྱོད་སྨོན་ལམ་བཏོན་པ་དང་། སླར་ཡང་མིག་ཕྱེས་ནས་བལྟས་པ་ན། རང་ཉིད་ནི་ཁང་པའི་ནང་དུ་གཅིག་པུར་ལུས་འདུག་པ་མཐོང་བས། ཡང་བསྐྱར་ཁེ་ལོ་གང་ཞིག་ལ་སོང་བར་བསམ་བློ་བཏང་།
        ཉིན་དེར། ཙག་རླུང་ལྡོམ་པོ་ཞིག་ཤུགས་ཀྱིས་གཡུག་བཞིན་གདའ། ཁེ་ལོ་སྒོ་འགྲམ་གྱི་མེ་ལོང་མདུན་དུ་ཡར་ལངས་ནས། ངོ་གདོང་གི་རྒྱ་གྲམ་བྲིས་པའི་རྨ་ཤུལ་དེར་ལག་པས་ཐུག་ཙམ་བྱས་ལ། དེ་ནས་ཡུན་རིང་སེམས་ལ་ཉལ་བའི་སྡུག་བསྔལ་དེ་ངག་ནས་ཤོར་
        “ཨ་མ། ཁྱོད་ཀྱིས་དྲང་མོ་ཤོད་དང་། ངའི་ཨ་ཕ་སུ་རེད། ང་ལ་ཨ་ཕ་མེད་དོན་ཅི་རེད།”
        “ཁྱོད་ཀྱི་ཨ་ཕ་ནད་ཀྱིས་ཤི་སོང་། ཕྱིན་ཆད་འདི་ལྟར་འདྲི་མི་ཆོག ”
        “དེ་ན་ངེད་ཚང་གི་སྒྲོལ་མ་གསུང་འབྱོན་མ་དེ་གང་དུ་ཡོད། གྲོང་ནང་གི་མི་ཚོའི་ངེད་མ་བུ་གཉིས་ཀྱིས་གསེར་སྐུ་དེ་བཙོང་ན་སློང་མོ་མི་དགོས་ཟེར་བ་བདེན་ནམ།”
        “ཁྱོད་ཀྱི་ཁྱི་ཁ་བཙུམ་ཐུབ་བམ། གཞན་གྱིས་ཁྱོད་རང་སྨྱོན་པ་ཞིག་ལ་བརྩིས་འདུག”
        “དེ་ན་ངའི་གདོང་གི་རྨ་ཤུལ་འདི་སུས་བཞག་པ་རེད། ངས་དགྲ་ཤ་ལེན་རྒྱུ་ཡིན།”
        “ཁྱོད་ཁྱིམ་དུ་འདུག་མི་དགོས། གང་དུ་འགྲོ་ན་སོང”ཞེས་བཤད།
        ཉིན་དེར། ཁེ་ལོ་ནི་ངོ་མ་སྨྱོན་པ་ཞིག་དང་འདྲ་བར་རླངས་འཁོར་ཞིག་གི་ནང་དུ་བསྡད་ནས་གང་ཞིག་ལ་བུད་སོང་།
11
        ཁེ་ལོ་འདི་ལྟར་མི་ཚོགས་མང་བའི་གྲོང་ཁྱེར་འདིར་ཡོང་ལ། གྲོང་ཁྱེར་འདིར་ཁོས་སྨྱོན་པ་ལྟ་བུའི་འཚོ་བ་ཞིག་རོལ་བཞིན་མཆིས།
        གླིང་ཀ་དེ་རུ། མི་ཚོགས་ཀྱིས་ཧབ་ཆ་རྒྱག་བཞིན་མུ་མཐུད་དུ་རྒྱོབ་ཟེར། ཁེ་ལོས་སླར་ཡང་ལྕགས་ཐུར་འཆང་བཟུང་བྱས་ཏེ་ངའི་ཕོ་བ་ལ་གཏད་ནས་བཙུགས་བྱུང་། ལྕགས་ཐུར་ངའི་འཕོང་ཤའི་སྟེང་དུ་འཛེར་བྱུང་བས།ངའི་ན་ཟུག་དམྱལ་བའི་སྡུག་བསྔལ་ལྟར་མྱོང་བཞིན། ཁོག་སྟོད་ཀྱི་ནུས་ཤུགས་ཡོད་ཚད་ཕྱུངས་ནས་ཁོག་སྨད་དྲུད་དེ་ཙིག་སྒམ་གྱི་སྒོར་བུད་པ་ན། ཁྱི་རྒྱ་སྟག་འདྲ་བ་དེས་མཆོང་ཐེངས་གཅིག་གིས་ང་རང་ཁམ་གང་བྱས་ནས་སླར་ཡང་བར་དོའི་འཕྲང་ལམ་དུ་གཡུག་བྱུང་།
        ང་གློ་བུར་དུ་མི་ཚོགས་ཀྱི་སྟེང་ལ་བུད་ནས་མར་བལྟས། ཁྱིས་ཁ་གཡས་ལྡག་གཡོན་ལྡག་ཅིག་བྱས་ནས་བདག་པོའི་རྗེས་སུ་རྔ་མ་གཡུག་བཞིན་སོང་། ངས་ཁྱི་དེའི་གདོང་ལ་ཞིབ་ལྟ་ལན་ཞིག་བྱས་པ་ན། ཁྱི་དེའི་གདོང་ནི་ཧོང་བགྲེས་མོའི་ངོ་གདོང་དང་འདྲ་ལ། མཚན་མོ་དེར།ཧོང་བགྲེས་མོས་མིག་ཆུ་འདོན་བཞིན་ཁ་པར་གཏོང་མཚམས་ཆད་དེ་ཐང་ལ་འགྱེར་འགྲོ་དུས་ཀྱི་ཚུགས་ཀ་ནི། ད་ཐེངས་ང་རང་གསོན་ཟ་བྱེད་པའི་ཁྱི་འདིའི་ཚུགས་ཀ་དང་ཨ་ན་མ་ན་རེད།
        མཚན་མོ་དེར། ངས་ཧོང་བགྲེས་མོའི་སྨན་ཡོན་ཁྱེར་ནས་སྒོ་རུ་འབུད་དུས། ཡང་བསྐྱར་ཧོང་བགྲེས་མོ་བརྒྱལ་ལས་སད་ཨེ་ཡོད་འདོད་ནས་སྒོ་འགྲམ་དུ་ཕྱི་ལྟས་ཤིག་བྱས་ཀྱང་། མོ་ནི་ཁྱི་མོ་ཞིག་ཐང་ཆད་ནས་ཉལ་བ་དང་འདྲ་བར་འགུལ་ཙམ་མི་བྱེད་པར་ས་ལ་འགྱེལ་འདུག དེའི་དུས། ངས་མོ་ནི་ཁྱི་མོ་ཞིག་དང་འདྲ་པོ་འདུག་བསམས།
        མཚན་མོ་དེར། རྨི་ལམ་དུ་ང་ཁྱི་ཞིག་གིས་བདས་ནས་གཉིད་ལས་སད་དུས། ཕྱི་རོལ་དུ་ཉེན་རྟོག་པས་སྒོ་ཁྲོག་ཁྲོག་རྡུང་བ་དང་དུས་གཅིག་ལ་ཁེལ་འདུག
                                                                                  2015.7.30 ལུའུ་ཞིན་རྩོམ་རིག་སློབ་གླིང་དུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1