༄༅།། པཎ་ཆེན་སྐུ་ཕྲེང་བཅུ་པ་མཇལ་བའི་དྲན་བསྐུལ།

དཀོན་མཆོག་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-20




སྐད་ཅིག་མི་རྟག་འཁྲུལ་འཛིན་སྲིན་བུའི་ཐག།
བདེན་གཉིས་ཡེ་ཤེས་རལ་གྲིས་གཅོད་མཛད་པ།།
སྐུ་གསུམ་མངོན་གྱུར་ཀུན་གཟིགས་པཎ་ཆེན་ལ།།
རྒྱན་བཞིའི་ངག་གི་སྦྱོར་བས་མཆོད་སྤྲིན་སྤེལ།

དྲི་གཞོན་དལ་བུས་ཆིབས་ཀྱི་ཁ་ལོ་དེ།།
ཁམས་ཕྱོགས་དགའ་བའི་ཚལ་དུ་བསྒྱུར་བའི་ཚེ།།
ཡིད་འོང་ལྷ་ཡི་རོལ་མོ་སྣ་ཚོགས་དང་།།
ཆུ་འཛིན་དཀར་པོའི་བླ་རེ་ཕྱོགས་བརྒྱར་བྲེས།།

དེ་ཚེ་གངས་ལྗོངས་ནོར་གྱི་དབྱིག་འཛིན་མས།།
སྦྲང་ཆར་ཟིལ་མས་ངོ་གདོང་ཡང་ཡང་བཀྲུས།།
སྔོ་ལྗང་ལོ་འདབ་གསར་པའི་གོས་གྱོན་ཏེ།།
མེ་ཏོག་དོ་ཤལ་འཆང་བཞིན་བསུ་བར་ཆས།།

གང་གི་གཞན་ཕན་ཐུགས་སྐྱེད་བཅུ་དྲུག་ཆས།།
འགྲོ་རྣམས་ཚ་བའི་རེག་བྱ་སེལ་སླད་དུ།།
འདོད་དགུ་ཆོས་ཀྱི་ཆར་ཆེན་རབ་བསྙིལ་ཏེ།།
ཀུན་ཀྱང་བདུད་རྩི་ཆོས་ཀྱིས་ཚིམས་པར་མཛད།།

གངས་རིའི་ར་བས་བསྐོར་བའི་ལྗོངས་འདི་ལ།།
མཐའ་ཀླས་འགྲོ་བ་ཀུན་གྱི་མགོན་གཅིག་པུ།།
ཁྱེད་ཀྱི་རྣམ་དཀར་ཕན་བདེའི་མཛད་བཟང་ཉིད།།
ཉམས་སུ་མྱོང་བའི་དུས་འདི་བསྐལ་པ་བཟང་།།

གཡེང་མེད་འགྲོ་ལ་རྗེས་བརྩེའི་མགོན་པོ་མཆོག།
ལྗོངས་འདིར་ཞབས་སོར་བཅགས་པའི་བཀའ་དྲིན་དེ།།
གཞལ་ནུས་མིན་ཡང་གངས་ལྗོངས་ནོར་འཛིན་གཞིར།།
ཡོངས་སུ་ཤོངས་པའི་སྣོད་འདི་ཨེ་མ་མཚར།།

སླད་ཀྱང་ཐུགས་རྗེ་ཆད་མེད་གངྒཱའི་རྒྱུན།།
ལྷུང་ལྷུང་གངས་ལྗོངས་སྐྱེ་དགུའི་ས་གཞི་རུ།།
ཕན་བདེའི་རླབས་ཕྲེང་གཡོ་བཞིན་ཡང་ནས་ཡང་།།
འབྱོན་པར་གསོལ་ཞེས་བསྟོད་གླུ་ཡང་ཡང་གྱེར།།

གང་ཞལ་མངོན་མཇལ་བྱུང་བའི་དད་སྤྲོ་ཡིས།།
བདག་ཡིད་དགའ་བས་མྱོས་ཏེ་བསྟོད་པའི་དབྱངས།།
ཅུང་ཙམ་བརྗོད་འདིར་ནོངས་པ་གང་མཆིས་པ།།
གཟུར་གནས་དམ་པའི་སྤྱན་སྔར་བདག་འཆགས་སོ།།


རྩོམ་ཡིག་སྔོན་མ།
༄༅།། གཡག་ལྕེ་ཁ་ཚ།
རྩོམ་ཡིག་རྗེས་མ།
༄༅།། ཉི་མའི་སྲས་མོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1