༄༅།།བོད་གངས་ཅན་ལྗོངས་སུ་ཐོག་མར་འབྱུང་བ་ལྔའི་རིག་པ་དུས་ནམ་ཞིག་ལ་དར་བར་དཔྱད་པ།

ཀརྨ་ཚོགས་གཉིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-27


ཀརྨ་ཚོགས་གཉིས།


        དེ་ཡང་ལོ་རྒྱུས་ཤིག་ལ་དཔྱད་དགོས་ན་ངེས་པར་དུ་མི་རིགས་ཀྱི་ཕྱོགས་རིས་དང་ཆོས་ལུགས་ཀྱི་གྲུབ་མཐས་མ་སླད་པ།  གཞལ་བྱ་ཚད་མ་གསུམ་གྱི་སྒོ་ནས་ལྐོག་གྱུར་དུ་སོང་བའི་ཤེས་བྱའམ་ལོ་རྒྱུས་རྣམས་ཀྱང་དངོས་སྟོབས་རྗེས་དཔག་གི་སྒོ་ནས་མངོན་དུ་འགྱུར་བར་བྱས་ཏེ་དྲང་པོ་དྲང་བཞག་གིས་བཤད་དགོས་པ་ཞིག་ཡིན།དེ་ལ་དཔྱད་བྱ་གཙོ་བོ་ནི། སྔ་མའི་ཡིག་རྙིང་དང་། མིའི་མཁོ་ཆས་རིགས།ཡང་ན་རི་དང་ལུང་པའི་ཁྱད་ཆོས། མིའི་ཆ་ལུགས། སྐད་རིགས་དང་ཡིག་རིགས་ཀྱི་རྣམ་པ། རྒན་རབས་ཀྱི་གནའ་གཏམ་དང་གོམས་སྲོལ། དེའི་ཤན་ཤུགས་སོགས་དུ་མ་ཞིག་ཡོད་པ་ལས། ད་ལམ་ནི་མིའི་མཁོ་ཆས་དང་རི་དང་ལུང་པ་སོགས་གོང་བཤད་མང་ཆེ་བ་རྣམས་དེང་གི་དུས་སུ་ཞིབ་འཇུག་བྱེད་མཁན་དང་བཤད་མཁན་ཡང་ཇེ་མང་ཇེ་མང་ཞིག་ཏུ་སོང་བས་དེའི་ལད་ཟློས་བྱེད་མ་དགོས་པར་སེམས་ཤིང་། འདིར་ཁོ་བོའི་ཚུར་མཐོང་རྗེས་དཔག་བློ་ཡིས་བོད་ཀྱི་ཤུལ་དུ་ལུས་པའི་གནའ་མིའི་ལོ་རྒྱུས་ཀྱི་ཡིག་རྙིང་དང་། མི་རིགས་ཀྱི་སྐད་དང་ཡི་གེ་ལ་དཔྱད་གཞི་གཙོ་བོ་བྱས་ཏེ་གནའ་བོའི་བོད་མི་རྣམས་ཀྱིས་འབྱུང་བ་ལྔ་དང་དེའི་བྱེད་ལས་ངོས་འཛིན་བྱས་ཚུལ། དེ་ལ་མཐོང་ཆེན་ཇི་ལྟར་བྱས་ཚུལ་སོགས་དོན་འདུས་ཤིང་ཁ་གསལ་བའི་སྒོ་ནས་ཅུང་ཟད་བཤད་པ་ལ།  
དང་པོ།  སྤྱི་ལོ་སྔོན་གྱི་དུས་སུ་བོད་ཀྱི་རྩིས་རིག་གི་གཞི་འབྱུང་བ་ལྔ་བོ་ངོས་བཟུང་ཚུལ་བཤད་པ།
        སྤྱི་ལོ་སྔོན་གྱི་ལོ་ངོ་ཉིས་སྟོང་ཡས་མས་ཀྱི་དུས་ནས་བོད་རིགས་རང་ས་ན་སྔར་ཡོད་གདོད་མའི་ཆོས་ལུགས་ཀྱི་བསམ་བློའི་རྨང་གཞིའི་སྟེང་ནས་བྱུང་བའི་གྲུབ་མཐའ་བརྡོལ་བོན་ཞེས་པ་དེས་གཙོ་བོ་འབྱུང་བ་ལྔའི་ལྷ་སྟེ་སའི་ལྷ་དང་མེའི་ལྷ་དེ་བཞིན་ཆུ་དང་རླུང་དང་ནམ་མཁའི་ལྷ་རྣམས་ཡོད་པ་ངོས་འཛིན་བྱས་ཏེ། ཡུལ་ཁྱིམ་མམ་དགྲ་ལྷ་ལྟ་བུའི་རིགས་ལ་སེམས་ཅན་བ་ཕྱུགས་སོགས་ཀྱིས་དམར་མཆོད་བྱས། ལྷ་ལ་སོགས་པའི་འཇིག་རྟེན་གྱི་དངོས་པོ་ཇི་སྙེད་པ་རྣམས་ཀུན་ཀྱང་རྒྱུ་འབྱུང་བ་ལྔ་པོའི་བྱེད་ལས་ལ་བརྟེན་ནས་བྱུང་བ་ངོས་འཛིན་བྱས་པ་མ་ཟད། འཇིག་རྟེན་ཆགས་གནས་འཇིག་གསུམ་ཡང་འབྱུང་བ་ལ་རག་ལས་པར་བཤད། རླངས་ཀྱི་པོ་ཏི་བསེ་རུ་ལས། འབངས་ཀྱི་མི་རབས་ལ་འབྱུང་བ་རྣམ་པ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་ཡོང་བ། ཕྱིའི་སྒོང་ཤུག་ལྷ་བྲག་དཀར་པོ་ཆགས། ཞེས་སོགས་སྣོད་བཅུད་ཀྱི་འཇིག་རྟེན་ཆགས་པའི་རྒྱུ་རྐྱེན་གཙོ་བོ་དེ་ཡང་འབྱུང་བ་ལྔའི་བྱེད་ལས་ལ་བརྟེན་ནས་བྱུང་བ་བརྗོད་པ་དང་། གཞན་ཡང་ལོ་ཁྲི་སྟོང་མང་པོའི་རིང་ལ་ལྷའམ་ཡང་ན་འདྲེ་སོགས་ཀྱང་འབྱུང་བ་ལྔ་པོ་ཁོ་ན་ལ་བརྟེན་པར་སྙམ་ནས། རིམ་བཞིན་བོད་རིགས་མི་དམངས་རྣམས་ཀྱིས་རང་གི་ཉམས་མྱོང་དང་ཞིབ་འཇུག་བྱེད་པའི་བརྒྱུད་རིམ་ཁྲོད་གཡུར་དུ་ཟ་བའི་འབྲས་བུ་རྣམས་ཁ་བསགས་འབིགས་བསགས་བྱས་ཏེ་རྩིས་རིགས་སྣ་ཚོགས་ཡོད་པ་ནི། གནམ་གྱི་ཉི་ཟླ་དང་སྐར་མར་བརྟག་པའི་རྩིས་དང་། བར་སྣང་སྤྲིན་ལ་བརྟག་པའི་རྩིས། བྱ་དང་ཤིང་ལ་བརྟག་པའི་རྩིས།མཚོ་དང་ཆབ་རོམ་ལ་བརྟག་པའི་རྩིས། རྩི་ཤིང་མེ་ཏོག་ལ་བརྟག་པའི་རྩིས་སོགས་དུས་བརྟག་གི་སྒོ་ནས་བཤད་པ་ཐམས་ཅད་འབྱུང་བ་ལྔ་ལ་བརྟེན་ནས་དུས་ད་ལྟའི་བར་དུ་རྒྱུན་མ་ཆད་པ་དེའང་ད་ལྟ་མངོན་སུམ་གྱི་མཐོང་ཐོས་སུ་གྱུར་པ་འདི་ལགས་པ་དང་།  གཞན་ཡང་ཉིད་ཀྱི་སློབ་དཔོན་དམ་པའི་སྤྱི་ལོ་སྔོན་གྱི་དུས་ཀྱི་དཔེ་ཆ་ཡིན་ཟེར་བའི་ལྷོ་ཁ་གཡའ་བཟང་གམ་འབྲོག་པ་ལྷ་རྒྱལ་གྱི་སྒྲུང་དེབ་ནང་དུ།ཟླ་བའི་འཕེལ་འགྲིབ། དུས་ཚིགས་ཀྱི་འགྱུར་བ།དངོས་པོ་དང་གནམ་གཤིས་ཀྱི་འབྲེལ་བ་སོགས་བཀོད་ཡོད། ཅེས་གསུངས་སོ།། ད་དུང་གཡུང་དྲུང་བོན་གྱི་སྔོན་ནས། བོད་ལ་རྩིས་རིག་ཡོད་པ་ཤེས་བྱེད་གཞན་ཞིག་ནི། བོན་གྱི་སྟོན་པ་ཤེས་རབ་འཁྲུངས་པའི་སྔ་ལྟས་སུ་བཤད་པ་ཡང་།  མདོ་འདུས་ལས། མཁར་སྒོ་གཡས་སུ་ཨུ་དུམ་ཝ་ར་འཁྲུངས།། མཁར་སྒོ་གཡོན་དུ་འཛམ་བུ་ཤིང་ཡང་སྐྱེས།། ཞེས་པ་ནས་ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་དང་པོ་དཔྱིད་ཟླ་མེ་སྟག་གི་ཟླ་བ། ཞག་གི་དང་པོ་ཚེས་པ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས་སོ། ། ཞེས་དང་། དེ་བཞིན་མཁས་དབང་ནམ་མཁའ་ནོར་བུས་མཛད་པའི་ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་མེ་ལོང་ལས། གཤེན་རབ་མི་བོ་ཆེ་དེ་ཞང་ཞུང་གི་ཡུལ་དབུས་འོལ་མོ་ལུང་རིང་དུ་སྐུ་བལྟམས་ནས་གཡུང་དྲུང་གི་བོན་བསྟན་པའི་དུས་སྐབས་དེ་ནས་བཟུང་ད་ལྟ་ས་ཕོ་འབྲུག་གི་ལོ་(1988)འདིའི་བར། ལོ་སུམ་སྟོང་བརྒྱད་བརྒྱ་ཞེ་ལྔ་འདས་ཡོད་པའི་ཤེས་བྱེད་ནི། གཤེན་རབ་མི་བོ་ཆེའི་མཛད་མདོའམ་ལོ་རྒྱུས་ཡོངས་གྲགས་རྣམས་ལས་གཤེན་རབ་མི་བོ་ཆེ་དེ། ཤིང་ཕོ་བྱི་བའི་ལོའི་ཟླ་དང་པོའི་ཚེས་བཅོ་ལྔ་ལ་སྐུ་བལྟམས་པ་དེའི་རྒྱུ་མཚན་གྱིས་འབྱུང་ཁམས་ཐོག་མ་ཤིང་། ལོ་འཁོར་གྱི་ཐོག་མ་བྱི་བ།སྨེ་བ་ཐོག་མ་གཅིག་དཀར་ནས་འགོ་བརྩམས་པའི་ལུགས་དེ་བྱུང་བ་ཡིན་ཞེས་ཤོད་སྲོལ་འདུག   གང་ལྟར་ཡང་། གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་པའི་ཤིང་བྱི་ལོ་དེ་ནི་སྨེ་ཕྲེང་དང་པོའི་སྨེ་བ་གཅིག་དཀར་གྱིས་ཟིན་པའི་ལོ་དེ་ཡིན་ལ།ཞེས་སོགས་གསུངས་པ་ནི་དོན་དུ་གནས་པའི་མཁས་པའི་གཏམ་དུ་གོ་ཞིང་། མདོ་འདུས་ལས་ཀྱང་། སྤྲ་བ་ཨ་བོ་ཨ་དཀར་ལ།། བུ་དང་ཚ་བོ་མ་གཏོགས་པ།། ཡང་ཚ་སྟོང་ཚ་ལྔ་བརྒྱ་ཡོད། བུ་སྟག་ལོ་བ་ལ་བཅོ་བརྒྱད་ཡོད། །སྤྲེལ་ལོ་བ་ལ་བཅུ་དགུ་ཡོད།། ཅེས་བཤད་པ་ལྟར་ན། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་འཁྲུངས་པའི་དུས་ནས་ལོ་དང་ཟླ་བ་ལོ་སྐོར་བཅུ་གཉིས་དང་སྨེ་བ་དགུ་སྤར་ཁ་བརྒྱད་སོགས་ལ་ངོས་འཛིན་བྱེད་ལ། བོད་ཀྱི་རུས་ཆེན་ལྔའང་འབྱུང་བ་ལྔ་ལ་སྦྱར་ནས་བཤད་པ་རྣམས་གཞན་ལ་བལྟ་བར་བྱའོ།། གང་ལྟར་ན་ཡང་གཡུང་དྲུང་བོན་གྱི་དུས་སྔོན་ཏེ་རྒྱུའི་བོན་ལ་སོགས་པའི་དུས་ནམ་ཞིག་ནས་བོད་ལྗོངས་ས་ཁུལ་ལ་ཕུན་སུམ་ཚོགས་པའི་རྩིས་རིག་ཡོད་པ་གསལ་བ་འདིའང་བོད་རིགས་རང་ལུགས་ཀྱི་སྲོལ་རྒྱུན་གྱི་རྩིས་རིག་རྙིང་པ་ཞིག་ཡིན་ཟེར་ཆོག་ཆོག་ཅིག་ཡིན། ཁྱད་པར་ད་ལྟ་ཀུན་ལ་གྲགས་པའི་བོད་ཀྱི་ལོ་རྒྱུས་རྣམས་སུའང་རྒྱལ་བོ་གཉའ་ཁྲི་བཙན་པོའི་སྐབས་སུ་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བ་ལས་གཡང་ཤེས་ཕྱྰ་བོན་དང་།འགྲོ་ཤེས་གླུད་གཏོར། ཕན་ཤེས་སྨན་དཔྱད། སྐོར་ཤེས་རྩིས་མཁན་སོགས་ཡོད་པ་ཀུན་གྱིས་ཁས་ལེན་པ་དེས་ནི། སྐབས་དེའི་སྔོན་ནས་བོན་གྱི་རྩིས་རིག་སོགས་རིག་གནས་ཡོད་པའི་ཤེས་བྱེད་གཙོ་བོ་ཞིག་ཡིན་ཞིང་། དེ་ཡི་ནང་ནས་ལྷག་པར་སྐོར་ཤེས་རྩིས་མཁན་ཟེར་པའི་ཚིག་དེས་ཀྱང་སྐབས་དེའི་དུས་སུ་འབྱུང་བ་ལྔ་ཡིས་མཚོན་པའི་རྩིས་རིག་ཡོད་པ་ཤེས་ལ། དེ་རྣམས་ཀྱིས་ཀྱང་མིའི་རིགས་ལ་གནོད་པ་མི་བྱེད་པ་སྲུང་སྐྱོབ་དང་ཕན་ཁེའི་ལམ་ནས་བྱ་བ་བྱེད་པ་གསལ་བ་འདིའང་སྒྲ་རྒྱས་རྟོག་པས་བཏགས་པ་ཙམ་མ་ཡིན་པ་ཡང་དག་པའི་ལོ་རྒྱུས་ཀྱིས་བདེན་དཔང་བྱེད་ཐུབ་པའི་མི་རིགས་ཀྱི་ངོ་བོ་དང་འཕེལ་རྒྱས། གཤིས་ཀ་སོགས་མཚོན་བྱེད་ཀྱི་རྡོ་རིང་ལྟ་བུའི་དཔང་པོ་ཞིག་ཏུ་གྱུར་ཡོད་པ་ཡིན་ནོ།  །
གཉིས་པ། གཡུང་དྲུང་བོན་གྱི་དུས་སུ་བཀའ་འབྱུང་བ་ལྔ་པོས་མཚོན་པའི་རྩིས་རིག་ཇི་ལྟར་བསྡུ་ཚུལ་བཤད་པ།
        དེ་ཡང་གཡུང་དྲུང་བོན་གྱི་དུས་ནས་འབྱུང་བ་ལྔ་ཡིས་མཚོན་པའི་རྩིས་རིག་ལ་གདེང་འཇོག་དང་མཐོང་ཆེན་ཇི་སྙེད་ཐིག་བྱས་ཏེ་སྔོག་འདོན་དང་ལེགས་སྒྲིག་གི་བྱ་བ་བྱེད་ཚུལ་ནི།  བོན་གྱི་བརྡ་སྤྲོད་ཉེར་བདུན་ལས། མི་ཁྱུད་མཚོ་གླིང་དཀར་ནག་ཁྲ་གསུམ་ལས།། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ(ཀོང་ཙེ་ཞེས་པ་ནི་རྒྱ་སྐད་ལས་ཟུར་ཆགས་པ་ཡིན་ཏེ།དེང་སང་ཁུང་ཙི་ཞེས་ཟེར)ཡོན་བདག་བྱས།།  གཏད་གཉེར་སློབ་མས་བཀའ་རྣམ་སོ་སོར་བསྡུས།། ཞེས་དང་། ལྷག་པར་དེ་ཉིད་ལས། དབང་ལྡན་དུས་ཀྱི་འཁོར་ལོ་དང་།ཅུ་ཡག་རྩིས་སྡེར་གྱུར་པ་རྣམས།། ཀོང་ཚ་འཕྲུལ་བུ་དག་གིས་བསྡུས།། སོགས་བཤད་པ་ནི་གཡུང་དྲུང་བོན་གྱི་སྟོན་པའི་གསུངས་ནས་ཐུགས་སྲས་སློབ་མ་རྣམས་ཀྱིས་བཀའ་བསྡུ་ཚུལ་གྲགས་པ་འདིའང་རང་གི་སྲོན་པ་ལ་ཆེ་བ་བརྗོད་པའམ་ཡང་ན་སྔོན་གྱི་རྩིས་རིག་དེ་རྣམས་འཚོལ་ཞིབ་དང་ཁྱབ་སྤེལ་བཏང་བ་ཞིག་ཨེ་ཡིན་སྙམ་སྟེ།རྒྱུ་མཚན་ནི། བརྡོལ་བོན་གྱི་སྐབས་ནས་རྩིས་རིག་ཡོད་པ་རགས་རིམ་ཞིག་ཤེས་པས་མི་ཚད་སྟོན་པ་གཤེན་རབ་འཁྲུངས་པའི་སྐབས་ནས་ཀྱང་ལོ་དུས་ཀྱི་བཤད་པ་གསལ་པོར་བསྟན་པ་དེའི་ཕྱིར་རང་བློ་སོམ་ཉི་དང་ཆ་མ་འཚལ་བ་ཞིག་ཏུ་འགྱུར་རོ།། གང་ལྟར་ན་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ལ་སྤྲུལ་པའི་ཉེ་སྲས་བརྒྱད་དུ་འཁྲུངས་པ་རྣམས་དང་རྒྱལ་ཁབ་དང་ས་གནས་གཞན་ནས་ཡོང་བའི་སློབ་མ་རྣམས་ལ་རང་རང་བགོ་སྐལ་དུ་བབས་པ་ནི།ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས། དེ་ནས་ལོ་གསུམ་ཀོང་ཚ་འཕྲུལ་བུ་ཡིས།།རྩིས་དང་ཅུ་ཡག་གབ་ཙེ་ལྷ་རྒྱུད་མདོ་སྦྱར་ནས་བཤད། །ཅེས་པ་ནི་ཀོང་རྩེ་འཕྲུལ་རྒྱལ་ལམ་ཀོང་ཙེ་འཕྲུལ་བུ་ཆུང་གིས་རྩིས་ཀྱི་བཀའ་བསྡུས་ཏེ་གཉེར་བ་བཅས་གསལ་བ་ནི། ཕལ་ཆེར་དུས་སྐབས་དེའི་སྔོན་ནས་ཡོད་པའི་ཐོག་ཏུ་གསར་རྩོམ་དང་ཁ་སྣོན་བྱས་པའི་རྩིས་རིག་གི་དྭངས་མའམ་ཉིང་བཅུད་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་ལེགས་སྒྲིག་བྱས་ནས་བདག་གཉེར་བྱེད་པ་དང་གཞན་ལ་སྤེལ་བ་བཅས་སྙམ་མོ།། ཡང་ད་ལྟ་བོ་ཁོ་བོའི་སྣང་ཚུལ་གཞན་ཞིག་ནི། བོན་སྟོན་གཤེན་རབ་ཀྱི་དུས་སྔོན་ནས་འབྱུང་བ་ལྔ་ཡི་བཤད་པ་ཡོད་པས་མི་ཚད། སྣོད་བཅུད་གཉིད་ཀྱིས་བསྡུས་པའི་འཇིག་རྟེན་གྱི་ཤེས་བྱ་སྟེ། རྡུལ་ཕྲ་རབ་ཡན་གྱི་དངོས་པོ་གང་དང་གང་ལའང་འབྱུང་བ་ལྔ་པོ་ཁོ་ནར་གཙོ་བོ་བྱས་ཏེ་བཤད་པ་འདི་ལྟ་བུ་ནི་བོན་པོ་ལས་གཞན་མི་རིགས་སུ་དང་གང་ལའང་མཐོང་ཐོས་སུ་མེད་པ་ཞིག་སྟེ། དེས་ན་འབྱུང་བ་ལྔ་ལ་བརྟེན་པའི་རྩིས་ཀྱི་རིག་པ་འདི་ནི་ཕལ་ཆེར་འཛམ་གླིང་གི་ཐོག་མར་བོན་པོའི་མི་རིགས་ལས་བྱུང་བ་ཡིན་ཞེས་བཤད་ཆོག་སྙམ་པའི་རྒྱུ་མཚན་གཙོ་བོ་གཅིག་དེ་ཡིན་ནོ།།
གསུམ། འབྱུང་བ་ལྔ་པོ་དེ་ཡང་རྗེས་སུ་ལུགས་ཆེན་པོ་གཉིས་སུ་ཇི་ལྟར་གྱེས་ཚུལ་བཤད་པ།
        ལུགས་ཆེན་པོ་གཉིས་ཞེས་པ་ད་ལྟ་ང་ཚོས་ལྟ་སྣང་ལ་གཙོ་བོ་གཉིས་ཡོད་དེ། སྔ་མས་ས་ཆུ་མེ་རླུང་ནམ་མཁའ་ལྔ་དང་། ཕྱི་མས་ཤིང་མེ་ས་ལྕགས་ཆུ་དང་ལྔའོ།།  དེ་གཉིས་ཇི་ལྟར་འགྱུར་རོ་ཞེ་ན། དོན་རྒྱས་པ་ལས་ཉུང་དུ་བསྡུ་ཚུལ་ཞིག་སྟེ། སྔ་མས་བྱེད་ལས་གཙོ་བོ་དང་། ཕྱི་མས་རྒྱུ་གཟུགས་བཞི་ལ་དམིགས་པ་ཞིག་ལས་མི་འདྲ་བ་ཅི་ཡང་མེད་དེ། བོན་པོའི་རྩིས་ཡིག་རྙིང་པའི་ལུགས་སུ། འབྱུང་བ་རིམ་པས་ཤིམ་མེ་ས།། ཆུ་རླུང་ལྕགས་རི་ནམ་མཁའ་འོ། །ཞེས་འབྱུང་བ་བརྒྱད་དུ་ངོས་འཛིན་བྱེད་པ་དེ་ཡང་ཕྱིས་མཁས་པ་རྣམས་ཀྱིས་འབྱུང་བ་བརྒྱད་རྣམས་ལྡབ་སྐྱོན་ཞིག་ཏུ་མཐོང་ནས་ངོ་བོ་བདག་ཉིད་གཅིག་པའི་འབྲེལ་བ་གང་ཡོད་གཅིག་ཏུ་བསྡུས་ཏེ། ལྷག་མ་ལྔ་རྣམས་ཅུང་མི་འདྲ་བར་གྱུར་པ་ནི་དོན་བསྡུ་ཚུལ་མ་འདྲ་བ་ཙམ་སྟེ།དེ་ཡང་སྔོན་མ་དག་གིས་ནི། ས་རི་ལྕགས་གསུམ་གཅིག་ཏུ་བསྡུས་ཏེ་འབྱུང་བ་ས་བཞག  རྒྱུ་མཚན་ནི་སའི་བྱེ་བྲག་པ་རི་དང་།དེ་ལས་འབྱུང་བ་ལྕགས་ཡིན་པས་གཙོ་བོ་རྒྱུའི་རྒྱུན་གཅིག་པ་ལ་དགོངས་ཞིང་ས་བཞག  ཤིང་རླུང་ལ་བསྡུས་ཏེ་རླུང་བཞག  མེ་དང་ཆུ་དང་ནམ་མཁའ་གསུམ་རང་སོར་བཞག་པ་སྟེ། ས་ཆུ་མེ་རླུང་ནམ་མཁའ་བཅས་ལྔ་དང་། དེ་བཞིན་ཕྱི་མས་འབྲས་བུ་དང་མ་བུ་དགྲ་གྲོགས་བཅས་སྐོར་བདེ་བ་ལ་དགོངས་ཏེ། འབྱུང་བ་ས་རི་ལྕགས་གསུམ་རྣམ་པ་གཉིས་སུ་བཀར་ནས་ས་དང་ལྕགས་གཉི་ག་བཞག་པ་སྟེ། ལྕགས་ནི་ས་ཡི་བྱེ་བྲག་པའམ་ས་ཡི་དྭངས་མའམ་བུ་ཡིན་པས་སོ། །དེ་བཞིན་རླུང་ནི་ཤིང་ལ་བསྡུས།ནམ་མཁའ་དངོས་སུ་ཐོགས་རེག་བཀག་གསུམ་དང་བྲལ་བའི་དབང་གིས་མ་འཇོག་པ་འབྱུང་བ་ལྔ་གཏན་ལ་ཕབ་ནས་ད་ལྟ་ཤིང་མེ་ས་ལྕགས་ཆུ་འདི་ལྔའོ།།  དེ་ཡང་སྔ་མས་ཤིང་ལྕགས་རི་གསུམ་དོར་བ་ལྟར་བྱས་པ་དང་། དེ་བཞིན་ཕྱི་མས་རླུང་རི་ནམ་མཁའ་གསུམ་དོར་བ་ལྟར་བྱས་པ་འདི་གཉིས་ལྟར་སྣང་དུ་ཕྱིས་ཀྱི་ལུགས་ཆེན་པོ་གཉིས་སུ་སྣང་ཡང་། དོན་དུ་ཕྱིས་ངོ་བོར་འཛིན་ལུགས་དང་། དོན་རྒྱས་པ་ལས་ཉུང་དུ་འཕྲི་ལུགས་མ་འདྲ་བ་ཞིག་ཡིན།  མདོར་ན་གོང་བཤད་བཞིན་ལུགས་གཅིག་གིས་ནི་རྒྱུད་དང་བྱེད་ལས་གཙོ་བོར་དགོངས་ནས་ནམ་མཁའ་ལ་སོགས་པའི་འབྱུང་བ་ལྔ་བཞག་པ་དང་། གཅིག་ཤོས་ཀྱིས་ནི་རྒྱུ་གཟུགས་གཞི་ལ་དམིགས་ནས་ནམ་མཁའ་མ་འཇོག་པ་དང་། བསྡུ་ཚུལ་ཡང་གཙོ་བོ་འབྲས་བུ་ལ་དམིགས་པ་ཤས་ཆེ་བ་ཤེས་དགོས།  དཔེར་ན། རིན་ཆེན་གསེར་གྱི་བཟང་ངན་བརྟག་པ་ལ།དང་པོ་བསྲེགས། དེ་ནས་བཅད། དེ་ནས་བརྡར་བ་སོགས་ལས་ཀ་མང་པོ་ཞིག་གི་སྒོ་ནས་ཡང་དག་དང་མ་དག་དང་བཟང་ངན་ཤེས་དགོས་པ་བཞིན་དུ་ཇོ་ཁ་ནང་དུ་ཕྱོགས་ཏེ་ཞིབ་པར་བརྟག་ན་གཉི་ག་སྔོན་མའི་བོན་ལུགས་འབྱུང་བ་བརྒྱད་དུ་མ་འདུས་པ་དང་གཞི་མི་མཇུན་པ་ཅི་ཡང་མེད་དེ།ཁོ་བོས་ནི་རྒྱུན་གཅིག་པའི་རྫས་རིགས་གཅིག་ལས་ལོགས་ཤིག་ཏུ་ཅི་ཡང་མ་སེམས་སོ། །
བཞི་པ། གནའ་དུས་ཀྱི་མིས་འབྱུང་བ་ལྔ་པོའི་ལས་ངོས་བཟུང་ཚུལ་བཤད་པ།
        དེའི་བྱེད་ལས་ལུགས་གཉིས་ཀྱི་བཞེད་པ་སྐབས་རེ་འདྲ་ཞིང་སྐབས་རེ་རེར་ཅུང་མི་འདྲ་ཡང་དེ་ནི་གོང་བཤད་བཞིན་དོན་བསྡུ་ཚུལ་གྱི་ཁྱད་པར་ཞིག་ཡིན།ད་ལྟ་སྐབས་སུ་བབས་པ་ནི་ས་ཆུ་མེ་རླུང་ནམ་མཁའ་བཅས་ལྔ་པོའི་བྱེད་ལས་བརྗོད་དེ་བཤད་ན་ཅིག་ཤོས་དེ་ཞར་ལས་ཤེས་སོ།། དེ་ལའང་གཉིས་ཏེ། རྟེན་སྣོད་ཀྱི་འཇིག་རྟེན་དང་བརྟེན་པ་བཅུད་ཀྱི་སེམས་ཅན་གཉིས་ལས་ད་ལམ་ནི་ཚིག་ཚོགས་སྐྱུང་ཅི་ཐུབ་བྱས་ཏེ། རྟེན་སྣོད་ཀྱི་འཇིག་རྟན་གྱི་དངོས་པོའི་རྗས་ཞིག་ལ་སྦྱར་ནས་བཤད་ན།
1.འབྱུང་བ་སའི་ཁམས་ནི་ནུས་པས་རྫས་ཀུན་གྱི་གཞི་རྟེན་པ་བྱེད་པ་སྟེ། རྫས་ཁོ་རང་གི་ལུས་ཀྱི་སྲ་བའི་ཆ་ཡོངས་སུ་གྲུབ་པར་བྱེད་པ་སྟེ། ཕུང་པོའི་གཞི་གྲུབ། གལ་ཏེ་འབྱུང་བ་ས་ཡི་ནུས་པ་དེ་མེད་ན། དཔེར་ན་རྡུལ་ཕྲ་རབ་མེད་པའི་ནམ་མཁའ་སྟོང་བ་བཞིན་ནོ།།
2. འབྱུང་བ་ཆུའི་ཁམས་ཀྱི་ནུས་པས་རྫས་ཀུན་གྱི་བརླན་གྱི་ཆ་སྟེར་ནས་ཕུང་པོ་དེ་མི་སྐོམ་པ་དང་། ཕྱོགས་ཕྱོགས་སུ་མི་འཐོར་བ་གཞི་གཅིག་ཏུ་སྡུད་པར་བྱེད།གལ་ཏེ་འབྱུང་བ་ཆུ་ཡི་ནུས་པ་དེ་མེད་ན་ཕྱོགས་སུ་འཐོར་ནས་གཞི་གཅིག་ཏུ་མི་འགྲུབ། དཔེར་ན་ཐལ་བ་སྐམ་པ་བཞིན་ནོ།།
3. འབྱུང་བ་མེའི་ཁམས་ཀྱི་ནུས་པས་རྫས་ཀུན་གྱི་དྲོད་ཀྱི་ཆ་སྟེར་བ་སྟེ། ཕུང་པོ་དེ་རུལ་ཞིང་མྱགས་པར་མི་འགྲོ་བ་དང་།རྫས་རྒྱུན་དེའི་ཁ་དོག་རྣམས་རང་རང་གི་ས་བོན་བཞིན་མདོག་གསལ་བར་བྱེད།གལ་ཏེ་འབྱུང་བ་མེ་ཡི་ནུས་པ་དེ་མེད་ན་རྫས་དེ་རུལ་ཞིང་ཁ་དོག་གསལ་པོ་ཞིག་མི་འབྱུང་།  དཔེར་ན་རྡོ་ལ་སོགས་པའི་དངོས་པོའི་འོག་གི་སྐྱེ་དངོས་རྣམས་ཀྱིས་མེ་དང་ཉི་མ་མ་མཐོང་བས་ཁ་དོག་མི་གསལ་བ་ལྟ་བུ་རེད།།
4.འབྱུང་བ་རླུང་གི་ཁམས་ཀྱི་ནུས་པས་རྫས་ཀུན་བསྐྱོད་པ་སྟེ། གཡོ་བའམ་ཆེར་བསྐྱོད་པའི་ལས་བྱེད།གལ་ཏེ་འབྱུང་བ་རླུང་གི་ནུས་པ་མེད་ན་རྫས་དེ་ཆེར་བསྐྱེད་པའི་ནུས་པ་མེད་དེ།དཔེར་ན་དབུགས་མེད་པའི་ལྒང་ཕུག་བཞིན་ནོ།།
5.འབྱུང་བ་ནམ་མཁའི་ཁམས་ཀྱི་ནུས་པས་སྐྱེ་དངོས་རྣམས་ཀྱི་སྐྱེ་བའི་གོ་འབྱེད་པར་བྱེད་པ་སྟེ།རྩ་ལོ་མེ་འབྲས་སོ་སོ་རྣམས་རང་རང་གི་ལམ་མ་འགག་པ་རང་བཞིན་གྱིས་སྐྱེ་བའི་ལམ་འབྱེད་པའི་གྲོགས་བྱེད་དེ།དཔེར་ན་ནམ་མཁའི་བུ་ག་ཤིན་ཏུ་ཕྲ་བའི་དངོས་པོ་ལྕགས་དང་རྡོ་ལ་སོགས་པར་རྩི་ཤིང་མི་སྐྱེ་བ་བཞིན་ནོ།། དེ་བཞིན་དུ་བཅུད་ཀྱི་སེམས་ཅན་རྣམས་ལའང་དེའི་རང་བཞིན་དང་བྱེད་ལས་གཅིག་པར་བལྟའོ།།
ལྔ་པ།འཇུག་བསྡུ་བ་ལས་འཕྲོས་པའི་ཞར་བྱུང་གི་གཏམ་འགའ་ཞིག་བཤད་པ།
        ལས་ལ་བརྩོན་ཞིང་ཤེས་རིག་དང་དཔའ་མཛངས་ལྡན་པའི་བོད་རིགས་མི་དམངས་རྣམས་ཀྱི་མེས་པོ་གོང་མ་ཚོས་ཤུལ་དུ་བཞག་པའི་འབྱུང་རྩིས་དང་སྐར་རྩིས་ཀྱི་ལོ་རྒྱུས་ནི་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ཡན་ནས་བརྡོལ་བོན་གྱི་དུས་ནམ་ཞིག་ནས་འགོ་བཟུང་སྟེ་དར་བ་དེའང་།ལོ་ཚོགས་འདི་ནས་དར་བ་ཡིན་ཞེས་པའི་གཏན་ཚིགས་ཡང་དག་གི་སྒོ་ནས་བདེན་དཔང་འཕེར་བའི་ཏིག་གནས་ཀྱི་དངོས་རྫས་ཆ་ཚང་བ་ཞིག་རྙེད་དཀའ་ནའང་།བོད་ཀྱི་ལོ་རྒྱུས་རྣམས་ཞལ་མཐུན་པ་ལྟར་བརྡོལ་བོན་གྱི་དུས་ནས་འབྱུང་བ་ལྔའི་ལྷ་ལ་དམར་མཆོད་བྱེད་ཅེས་པའི་ཚིག་འདི་ངེས་པ་ཅུང་རྙེད་ཐུབ་པ་ཡིན་ཡང་། ཞིབ་པར་ནི་ད་དུང་མུ་མཐུད་དུ་བརྟག་དཔྱད་དང་ཞིབ་འཇུག་དང་རིག་གནས་ཀྱི་དངོས་རྫས་འཚོལ་ཞིབ་བྱེད་དགོས་པའི་བྱ་བ་གལ་ཆེན་ཞིག་རེད།ད་ལྟ་དངོས་སུ་ངེས་པ་འདྲེན་ཐུབ་པ་ནི་གཡུང་དྲུང་བོན་གྱི་དུས་སུ་ཧ་ཅང་དར་ཞིང་རྒྱས་པ་ཞིག་ཡིན་པའི་སྒྲུབ་བྱེད་གཙོ་བོ་ནི།གཡུང་དྲུང་བོན་སྟོན་པ་གཤེན་རབ་མི་བོ་ཆེའི་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་གོང་ནས་བཤད་པ་དེ་རྣམས་ཀྱང་།དཔང་པོ་བྱེད་ཆོག་པའི་བདེན་དོན་རིགས་གཅིག་ཡིན་པར་སེམས་སོ། ། དེ་ལྟར་སྔོན་གྱི་ལོ་སྟོང་ཚོ་བཞིའི་ཡས་མས་ནས་བོད་རིགས་ས་ཁུལ་དུ་རྩིས་རིག་སྣ་ཚོགས་ཤིག་ཡོད་ནའང་།     སྔ་དང་དེང་གི་དུས་སུ་བོད་ཀྱི་ལོ་རྒྱུས་ལ་ཆ་རྒྱུས་མེད་ཅིང་རྟོགས་མེད་ལོག་ཤེས་ཀྱིས་འཁྲུལ་བའི་མི་ལ་ལ་ཞིག་གི་བསམ་ཚུལ་ལ།བོད་རིགས་ལ་སྔོན་དུས་རྩིས་རིག་ཅིག་རྩ་བ་ནས་མེད་སྙམ་པ་དང་།དེ་བཞིན་རྒྱ་གར་གྱི་དུས་འཁོར་བོད་དུ་དར་བ་ནས་སྐར་རྩིས་གཞི་ནས་དར་བ་ཡིན་ཟེར་བ་ནི་སྔ་དུས་བོད་ཀྱི་རྩིས་རིག་དེ་ཆབ་སྲིད་དང་ཆོས་ལུགས་ཀྱི་གྲུབ་མཐས་རང་ས་ནས་ཉམས་ཏེ་ས་གནས་གཞན་དུ་བོར་བ་དེ་མ་ཉམས་པར་སླར་ཡང་རྙེད་པ་མ་ཡིན་པ་མ་ཤེས་པའི་མངོན་རྟགས་གསལ་པོ་ཞིག་ཡིན།མདོར་ན་ལོ་རྒྱུས་ལ་བསྐྱར་བསྐོར་ཡང་བསྐོར་གྱིས་ཞིབ་བསྡུར་བྱེད་པའི་བརྒྱུད་རིམ་ནང་དུ་ཤེས་རྟོགས་ཅུང་བྱུང་བ་ནི།བོན་པོའི་དུས་སུ་རྩིས་རིག་གིས་མཚོན་པའི་རིག་གཞུང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་བརྙོན་མེད་དུ་སྣང་ཡང་།གཡུངང་དྲུང་བོན་གྱི་དུས་ཕྱིས་དུས་རབས་རིམ་བྱུང་ཞིག་གི་ནང་དུ་བོད་ཀྱི་ས་གནས་སུ་ལོ་རྒྱུས་འཕོ་འགྱུར་གྱི་གནས་ཚུལ་སོགས་གང་དང་ཅི་ཞིག་གི་འོག་ནས་རང་མི་རིགས་ཀྱི་རིག་གནས་དེ་རྣམས་རང་ལྗོངས་ཀྱི་ས་ཆ་ནས་རྒྱུན་ཆད་ལ་ཉེ་བའི་སྐབས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོས་ཐུགས་འཁུར་དང་འབད་འབུངས་དུ་མ་ཞིག་གི་སྒོ་ནས་སླར་མི་རིགས་ཀྱི་རིག་གནས་དེ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱེད་པ་ལ་ཕྱི་ཕྱོགས་ནས་སྔོག་འདོན་དང་རང་ཕྱོགས་ནས་ལེགས་སྒྲིག་བྱེད་པའི་བྱ་བའང་བོད་ཀྱི་ལོ་རྒྱུས་ཐོག་ནས་ཨང་གཉིས་པའི་བྱ་བ་ལེགས་ཤོས་ཤིག་ཡིན་ཞེས་མགྲིན་པ་གཟེངས་སུ་གཏོད་ནས་ཟེར་ཆོག་སྙམ་མོ།།
        གསལ་བཤད།  དེ་ལ་འབྱུང་བའི་ངོ་བོ་བང་ངེས་ཚིག་འབྱུང་འགྱུར་སོགས་བཤད་པ་མང་དུ་ཡོད་ཀྱང་ད་ལམ་གཙོ་བོ་རང་ལྗོངས་ས་གནས་སུ་འབྱུང་བ་དར་ཚུལ་གྱི་གོ་རྒྱུས་རྣམས་དང་འབྲེལ་བའི་རིགས་རྣམས་རང་བློས་གང་སྤོབས་ཀྱིས་དོན་བསྡུས་ཏེ་གསལ་བཤད་བྱེད་པ་ཞིག་ཡིན་པས་འདི་ལ་སྐྱོན་དང་ནོར་འཁྲུལ་ཡང་ཡོད་ངེས་པས་སླད་དཔྱོད་ལྡན་དག་གིས་ལེགས་པར་དཔྱད་དེ་འདིར་དགོངས་འཆར་ལྷུག་པོར་ཡོད་པ་མཁྱེན།
དཔྱད་གཞིའི་ཡིག་ཆ་གཙོ་བོ།                                                    
1.<<དཔལ་དུས་ཀྱི་འཁོར་ལོ>>སྡེ་དགེའི་ཤིང་དཔར།
2.<<ལེགས་བཤད་རིན་པོ་ཆེའི་གཏེར་མཛོད>>ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་བརྩམས།1984ལོའི་ཟླ་བ3པ།མི་རིགས་དཔེ་སྐྲུན་ཁང་གིས་དཔར།
3.<<རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ>>རླངས་བྱང་ཆུབ་འདྲེ་བཀོད་སོགས་ཀྱིས་བརྩམས། 1986ལོ།བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
4.<<མདོ་འདུས>>མཛད་བྱང་མི་གསལ་བའི་བྲིས་མ་ཐོར་བུ།
5.<<མདོ་གཟེར་མིག>>དྲང་སྲོང་བཙུན་པ་གསེར་མིག་གིས་གཏེར་ནས་བཏོན།1991ལོ་དཔར།
6.<<བརྡ་སྤྲོད་ཉེར་བདུན་གྱི་རྩ་འགྲེལ>>གཤེན་མཁས་གྲུབ་ཀྱིས་མཛད།1989ལོའི་ཟླ་བ9པར་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
7.<<བརྡ་སྤྲོད་བློ་གསལ་འཇུག་ངོགས>>སྦྲ་གསར་ཚང་གི་མཛད། 1989ལོའི་ཟླ་10པར་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
8.<<ཞང་བོད་གནའ་རབས་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།>>ནམ་མཁའི་ནོར་བུས་བརྩམས། 1990ལོའི་ཟླ་བ4པར་ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
9.<<གཡུང་དྲུང་བོན་གྱི་བསྟན་འབྱུང་ཕྱོགས་བསྡུས།>>དཔལ་ཚུལ་གྱིས་བརྩམས། 1988ལོ།བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
10.<<བློན་པོ་བཀའ་ཐང>>གུ་རུ་ཨོ་རྒྱན་གླིང་པས་ཡར་ཀླུང་ཤེལ་བྲག་གི་ཕུག་པ་ནས་བཏོན།1986ལོ།མི་རིགས་དཔེ་སྐྲུན་ཁང་གིས་དཔར།
11.<<ལེགས་བཤད་སྐལ་བཟང་མགྲིན་རྒྱན>>1989ལོ།བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
12.<<བོད་ཀྱི་སྨན་རྩིས་ཆེད་རྩོམ་ཕྱོགས་བསྡུས>>བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བརྩམས།1986ལོའི་ཟླ་7པར།
13.<<གཙུག་ལག་རྩིས་ཀྱི་རྩ་བ་རིན་ཆེན་ཀུན་འདུས>> སྡེ་དགེའི་ཤིང་དཔར།
14.<<ཟླ་ཟེར་སོགས་དེབ་བཞི>>ཁ་ཆེ་ཟླ་བ་མངོན་དགའ་བ་སོགས་ཀྱིས་མཛད།བསྟན་འགྱུར་ཁྲོད་དུ་བཞུགས།

            ཀརྨ་ཚོགས་གཉིས། ད་ལྟ་མཚོ་སྔོན་བོད་སྨན་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད།
 
                   ཡོང་ཁུངས་ནི། ཀྲུང་གོའི་བོད་རིག་པ། 2003ལོའི་དེབ་གཉིས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1