༄༅།། ཟུར་ལུགས་ཀྱི་གསོ་རིག །ཕན་བདེ་ཡི་འབྱུང་གནས།།

ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 02-27



        སྤྱི་ལོའི་དུས་རབས་བཅོ་ལྔ་པའི་ནང་དུ་བོད་འདིར་གསོ་བ་རིག་པའི་གཞུང་དང་ལག་ལེན་གཉིས་ཀ་ལ་ཞིབ་འཇུག་བྱེད་མཁན་དང་། བསྟན་བཅོས་རྩོམ་མཁན་མང་པོ་ཞིག་བྱུང་ཡོད་ཅིང་། དེ་ལ་བརྟེན་ནས་བྱང་ལུགས་དང་ཟུར་ལུགས་ཞེས་པ་ཕྱག་ལེན་དང་བཞེད་སྲོལ་ཅུང་ཟད་མི་འདྲ་བའི་ལུགས་སྲོལ་ཆེན་པོ་གཉིས་བྱུང་ཡོད་པ་ནི། བྱང་པ་རྣམ་རྒྱལ་གྲགས་བཟང་གི་ཕྱག་བཞེད་རྒྱུན་འཛིན་བྱེད་མཁན་རྣམས་ལ་བྱང་ལུགས་དང་། ཟུར་མཁར་མཉམ་ཉིད་རྡོ་རྗེའི་ཕྱག་བཞེད་དང་ཁྲིད་རྒྱུན། ལུང་རྒྱུན་བཅས་རྒྱུན་འཛིན་བྱེད་མཁན་རྣམས་ལ་ཟུར་ལུགས་ཞེས་པ་དེ་བྱུང་ཞིང་། བོད་ཁམས་ཡོངས་ལ་བྱང་ཟུར་རྣམ་གཉིས་ཞེས་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་བོད་ཀྱི་གསོ་བ་རིག་པའི་བསྟན་པ་ཤིན་ཏུ་དར།
        དེ་ལས་ཁམས་ཕྱོགས་འདིར་དེའུ་དམར་བསྟན་འཛིན་ཕུན་ཚོགས་དང་། ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་སོགས་ཀྱི་ཟུར་ལུགས་གསོ་རིག་གི་གཞུང་དང་གདམས་ངག་ཐམས་ཀྱི་ཕྱག་ལེན་དམར་ཁྲིད་རྣམས་འཆད་ཉན་རྒྱ་ཆེར་སྤེལ། ལྷག་པར་དུ་དེ་དམར་བ་དང་། ཁམས་སྤྲུལ་རིན་པོ་ཆེ་གཉིས་ཤར་དཔལ་སྤུངས་དགོན་ཏུ་ཕེབས་ནས་ཀུན་མཁྱེན་སི་ཏུ་ཆོས་ཀྱི་འབྱུང་གནས་དང་ཕན་ཚུན་བླ་སློབ་གྱུར། ཟུར་ལུགས་གསོ་རིག་གི་ཕྱག་རྒྱུན་སྡེ་དགེའི་ཕྱོགས་འདིར་སྤེལ་བའི་སྒོ་འབྱེད། དེ་ནས་སྤྱི་ལོ་1754པའི་ཤིང་ཁྱི་ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་དཔལ་སྤུངས་ལྔ་རིག་སློབ་གླིང་ནང་དུ་སྨན་གྲྭ་བཙུགས་ཤིང་གསོ་རིག་འཆད་ཉན་གནང་བ་དེར་ཤར་དཔལ་སྤུངས་པའི་སྨན་གྲྭ་ཞེས་བོད་ཁམས་ཡོངས་ལ་སྙན་གྲགས་ཆེན་པོ་བྱུང་། དེར་བརྟེན་མདོ་ཁམས་སྡེ་དགེའི་ཕྱོགས་འདི་ཟུར་ལུགས་གསོ་རིག་ཁྲིད་རྒྱུན་དང་། ལུང་རྒྱུན། མན་ངག་ལག་ལེན་ཆ་ཚང་གི་རྒྱུད་འཛིན་གཙོ་བོར་ཞིག་ཆགས། དེ་ཡང་སྡེ་དགེའི་ཕྱོགས་འདིར་ཟུར་ལུགས་གསོ་བ་རིག་པ་ལ་མཛད་རྗེས་ཆེ་བའི་མཁས་དབང་འགའ་ཞིག་དཔེར་མཚོན་བཀོད་ན། ཁམས་ཕྱོགས་འདིར་ཟུར་ལུགས་ཀྱི་བསྟན་པ་སྤེལ་བ་པོ་གསོ་རིག་སློབ་གྲྭ་ཕྱག་བཏབ་གནང་མཁན་སི་ཏུ་ཆོས་ཀྱི་འབྱུང་གནས་(1700—1774)གཙོ་བྱས་པ་དང་། ཀརྨ་ངེས་ལེགས་བསྟན་འཛིན་དང་གླིང་སྨན་བཀྲ་འབུམ། སྡེ་དགེ་བླ་སྨན་ངག་དབང་ཆོས་གྲགས་རྒྱ་མཚོ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། སྡེ་དགེ་བླ་སྨན་རིན་ཆེན་འོད་ཟེར་སོགས་ཁམས་པའི་དབང་པོ་རྣམས་དང་གཞན་ཡང་དུས་རབས་ཉི་ཤུ་པའི་ནང་དུ་སྡེ་དགེའི་དམངས་ཁྲོད་དུ་སྐད་གྲགས་ཆེ་བའི་ལྷ་རྗེ་སྡེ་དགེའི་གྲྭ་མང་ལྷ་རྗེ་འཇམ་དབྱངས་བཟང་པོ། སི་ཏུ་པདྨ་དབང་མཆོག་གི་བླ་སྨན་པ་ཀེ་སྲིབ་ཨ་སངས་དང་། གཞན་ཡང་འཁོར་བསྐོ་དཔལ་འབྱོར། གཟའ་དགེ་རྟ་མགྲིན་མགོན་པོ། དེལ་ཆུང་ཚེ་དབང་རབ་བརྟན། ཛི་གང་ཀར་དགའ། གེ་མོ་ཨ་ཕྲིན། གནས་ར་ཀུན་དགའ་སེང་གེ དུས་རབས་ཉི་ཤུའི་སྨད་ན་འཇམ་མགོན་ཀོང་སྤྲུལ་གྱི་བླ་སྨན་པ་ཡོན་ཏན་ཕུན་ཚོགས། བོད་ལྗོངས་གསོ་རིག་སློབ་གྲྭའི་ཡོན་ཀྲང་ཁྲོ་རུ་ཚེ་རྣམ་སོགས་གཞུང་ལུགས་ལ་བྱང་ཆུད་པ། སྙན་རྒྱུད་མན་ངག་གིས་ཕྱུག་པ། ནད་ཐོག་ལག་ལེན་ལ་ཐོགས་པ་མེད་པའི་ལྷ་རྗེ་མང་པོ་ཞིག་སྡེ་དགེའི་ཡུལ་འདིར་བྱུང་། །
སྡེ་དགེའི་ཟུར་ལུགས་གསོ་རིག་གི་རྒྱུད་འཛིན་པ་བློ་གྲོས་ཕུན་ཚོགས།
        སྡེ་དགེའི་གསོ་རིག་བསྟན་བཅོས་ཀྱི་མཛད་ཕྲིན། སྤྱི་ལོའི་དུས་རབས་བཅུ་དགུ་དང་། ཉི་ཤུ་པའི་ནང་དུ་བོད་ཀྱི་སྨན་པ་རྣམས་ཀྱིས་སྨན་སྦྱོར་ཕྱག་ལེན་གནང་བའི་གཞི་དང་། དེང་སང་ལྗོངས་དང་ཞིང་ཆེན་ལྔའི་ཁོངས་ཀྱི་བོད་སྨན་བཟོ་མཁན་ཚང་མས་སྨན་སྦྱོར་གཞི་འཛིན་ས་ནི། ཀརྨ་ངེས་དོན་བསྟན་འཛིན་ཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་《འཆི་མེད་ནོར་ཕྲེང་།》 ཨོ་རྒྱན་ཐེག་མཆོག་གིས་མཛད་པའི་《ཟིན་ཏིག་མཛེས་རྒྱན་བདུད་རྩིའི་སྨན་མཛོད།》 སྡེ་དགེའི་བླ་སྨན་རིན་ཆེན་འོད་ཟེར་གྱིས་མཛད་པའི་《 མན་ངག་བདུད་རྩིའི་རོལ་མཚོ།》རྣམས་ཡིན་འདུག དེ་དག་གི་བསྡུ་སྦྱོར་ཐམས་ཅད་ཀྱི་འབྱུང་ཁུངས་ནི་དབོན་པོ་ཀརྨ་ངེས་ལེགས་ཀྱིས་རྩོམ་སྒྲིག་བྱས་པའི་《ཨེ་ཝཾ།》གཉིས་རེད་འདུག སྨན་རྫས་ངོས་འཛིན་སྐབས་སུ་བཤད་རྒྱུད་ནང་གི་ནུས་པ་རྐྱང་སེལ་བློ་འཛིན་བྱེད་ཅིང་། རང་རང་དགེ་རྒན་ལས་མཐོང་བ་བརྒྱུད་པའི་ཉམས་མྱོང་གི་ལྡུམ་བུ་ངོ་སྤྲོད་ཞུས་རྗེས་མ་ཤེས་པ་དང་། དོགས་གཞི་ཡོད་རིགས་ཐམས་ཅད་དེལ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་《 ཤེལ་གོང་ཕྲེང་།》 ལ་ཁུངས་གཏུགས་ཤིང་། དེལ་དམར་བ་ནི་སྡེ་དགེའི་ཕྱོགས་འདིར་ཟུར་ལུགས་གསོ་རིག་གི་བསྟན་པ་སྤེལ་མཁན་གཙོ་བོར་ཞིག་རེད། དེ་བཞིན་དུ་ནད་ཐོག་ལག་ལེན་སྐབས་སུའང་སྨན་པ་ཕལ་ཆེར་གྱིས་རྩ་མདོ་ཆུ་རགས་ཙམ་སྦྱངས་རྗེས་ལག་ལེན་དངོས་ཀྱི་སྐབས་སུ་ཀོང་སྤྲུལ་རིན་པོ་ཆེས་མཛད་པའི་《 ཟིན་ཏིག》 ཁོ་ནར་ལ་བརྟེན་ནས་ནད་པ་བཅོས་ཤིང་ཡོད།
སྡེ་དགེའི་ཟུར་ལུགས་གསོ་རིག་གི་རྒྱུད་འཛིན་པ་ཚེ་གྲུབ་རྡོ་རྗེ།
སྡེ་དགེའི་ཟུར་ལུགས་གསོ་རིག་གི་རྒྱུད་འཛིན་པ་ཕུན་ཚོགས་རབ་བརྟན།
སྡེ་དགེའི་ཟུར་ལུགས་གསོ་རིག་གི་རྒྱུད་འཛིན་པ་བཟོད་པ།
        གསར་གཏོད་ཀྱི་ཆ་ནས་བཤད་ན། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་ཐག་རིང་རྒྱ་དཀར་ནག་སོགས་ནས་ངལ་བ་དུ་མའི་སྒོ་ནས་ཉོ་ཚོང་དང་དབོར་འདྲེན་དགོས་པའི་སྨན་རྫས་རིགས་དང་། བོད་ཡུལ་རོང་ཆེན་ཁུལ་དུ་སྐྱེས་པའི་ཤིང་སྡོང་དང་། འབྲས་བུ་རྣམས་སྡེ་དགེའི་མངའ་ཁོངས་སུ་ཅུང་ཟད་དཀོན་པོ་ཡོད་སྟབས། ཁམས་ཕྱོགས་ཀྱི་ཞིང་འབྲོག་ས་ཁུལ་འདིར་ཁོ་ནར་སྐྱེས་པའི་རྩྭ་སྨན་དང་། ཤིང་སྨན། རྩ་བ་དང་། ལོ་མ། མེ་ཏོག་གི་རིགས་རྣམས་གཙོ་བོར་བྱས་པའི་སྨན་གྱི་བསྡུ་སྦྱོར་གསར་གཏོད་གནང་བའི་《སྔོ་སྦྱོར་བདུད་རྩིའི་ཐིག་ལེ།》 ཞེས་པ་མཛད་ཡོད་པ་ནི་བོད་ཀྱི་ཡུལ་གྲུ་མི་འདྲ་བ་སོ་སོའི་ཆ་རྐྱེན་དང་བསྟུན་ནས་སྨན་སྦྱོར་གསར་གཏོད་བྱས་པ་འདི་ནི་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་ཐེངས་དང་པོ་ཡིན། །
སྡེ་དགེའི་བོད་སྨན་ཁང་།

        2017ལོའི་《ཁ་བཏགས་དཀར་པོ།》དེབ་དང་པོ་ལས་བཤུས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1