ཁྲེན་ཆོན་གོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-04


             ཟླ་7ཚེས་2ཉིན་གྱི་ཕྱི་དྲོ་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཆོན་གོས་ལྷ་ སར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།

ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་སྲི་ཐར་དང་བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་འཕྲིན་ལས་དང་། ཝུའུ་དབྱིང་ཅེ། མགོན་པོ་བཀྲ་ཤིས། ཆེ་དགྲ་ལྷ། ཝང་རུའེ་ལན། བསྟན་འཛིན་རྣམ་རྒྱལ། སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ། ས་ལུང་ཕུན་ལགས་སོགས་ལྷན་དུ་མཇལ་འཛོམས་ནང་ཞུགས།

ཁྲེན་ཆོན་གོས་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་བྱས་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་བོད་དུ་རྟོག་ཞིབ་དང་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁྲེན་ཆོན་གོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་གསེར་ཁྲིར་མངའ་གསོལ་གནང་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་སྐབས་རིམ་བྱུང་གི་ཐུགས་ཁུར་དང་མཐོང་ཆེན། བོད་བརྒྱུད་ནང་བསྟན་ཆོས་ཕྱོགས་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་དང་ཡོངས་འཛིན་ལྷན་རྒྱས་ཀྱི་མཛུབ་ཁྲིད་ཞིབ་ཚགས་བཅས་ཀྱི་འོག རང་ཉིད་ཀྱིས་འབད་བརྩོན་གནང་བ་བརྒྱུད་ནང་བསྟན་གྱི་སྐུ་ཡོན་ཇེ་མཐོར་འགྲོ་བ་དང་། ཆབ་སྲིད་ཐད་བྱང་ཆུབ་ཏུ་འགྲོ་བ། རིག་གནས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། མཚན་དང་སྙན་གྲགས་པ་ཇེ་ཆེར་སོང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེ་ཁག་གི་མཛད་བཟང་མངོན་ཡོད། སྐུ་ཉིད་འཚར་ལོངས་དང་ཡར་རྒྱས་བྱུང་བར་ང་ཚོ་སྙིང་དབུས་ནས་དགའ་པོ་བྱུང་བ་དང་ལྷག་བསམ་ཟོལ་མེད་ངང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཁྲེན་ཆོན་གོས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ངོ་སྤྲོད་མདོར་བསྡུས་ཤིག་གནང་ཞིང་ཁོང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འཚར་ལོངས་དང་ཡར་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་བ་དང་། བོད་རིགས་སྤུན་ཟླ་དང་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་སྐུ་ཉིད་ལ་ཐུགས་རེ་ནན་པོ་བཅོལ་ཡོད། ང་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འཚར་ལོངས་དང་ཡར་རྒྱས་དེ་བས་ལེགས་པ་ཞིག་བྱུང་ནས་བོད་བརྒྱུད་ནང་བསྟན་གྱི་སྐྱེས་ཆེན་དམ་པའི་ནང་གི་མིག་དཔེ་ཞིག་ཏུ་འགྱུར་རྒྱུར་ལྷག་བསམ་ཟོལ་མེད་ངང་སྨོན་འདུན་ཞུ་རྒྱུ་ཡིན། གཅིག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ཚད་གཞི་མཐོན་པོ་འཛུགས་པ། རྒྱལ་ཁབ་ཡག་པོ་དང་མི་རིགས་ཡག་པོ་བྱུང་ཚེ། གཞི་ནས་ཆོས་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་ཐུབ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་སྔ་ཕྱི་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཏེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་རང་འགན་དུ་བརྩིས་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་གནང་བ་དང་། གཉིས་ནས་སྐུ་ཡོན་ཆེ་བའི་ཚད་གཞི་མཐོན་པོ་འཛུགས་པ། དད་སེམས་རྩ་བར་བཟུང་ནས་སྡོམ་པ་ཚུལ་བཞིན་སྲུང་བ་དང་། སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་ནས་ཤེས་རྒྱ་ཆེ་རུ་གཏོང་བ། ཐོས་པ་རྒྱ་ཆེར་གསོག་པ་བཅས་གནང་སྟེ་ནང་བསྟན་ལ་བརྩོན་ཞིབ་རྩེ་གཅིག་ཏུ་གནང་སྟེ་ཆོས་ཀྱི་སྐུ་ཡོན་དང་རིགས་པའི་གཞུང་ལུགས་དེ་བས་མང་བ་ཁོང་དུ་ཆུད་པ་གནང་བ། གསུམ་ནས་ཐོས་པ་རྒྱ་ཆེར་གསོག་པའི་ཚད་གཞི་མཐོ་པོ་འཛུགས་པ། སྐུ་ན་ཕྲ་བའི་དུས་ཚོད་བཟང་པོ་གཅེས་སྤྲས་གནང་ནས་ཚན་རིག་རིག་གནས་ཤེས་བྱར་སྙིང་རུས་ཆེན་པོས་སློབ་སྦྱོང་གནང་བ་དང་། རང་ཉིད་ཀྱི་བློ་སྦྱོང་དང་རིག་གནས་ཆུ་ཚད་མཐོ་རུ་བཏང་སྟེ་སྐུ་ཡོན་ཆེ་བའི་བླ་སྤྲུལ་ཆེན་པོ་ཞིག་འགྱུར་བ་གནང་བ། བཞི་ནས་ནང་ཆོས་དར་སྤེལ་གཏོང་བའི་ཚད་གཞི་མཐོན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་གྱི་ཆོས་ཀྱི་སྙིང་པོ་དང་། ཆོས་ལུགས་ཀྱི་ཀུན་སྤྱོད། ཆོས་ལུགས་རིག་གནས་ནང་གི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་བཅས་སྔོག་འདོན་དང་དར་སྤེལ་བཏང་གནང་ནས་ནང་ཆོས་ཀྱི་སྙིང་པོ་དེ་སྤྱི་ཚོགས་འཕེལ་རྒྱས་དང་དུས་རབས་ཡར་རྒྱས་དང་འཚམས་པའི་འགྲེལ་བཤད་གནང་ནས་བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་སྐུལ་འདེད་གནང་བ། ལྔ་ནས་ཞི་མཐུན་སྤྱི་བཀུར་གྱི་ཚད་གཞི་མཐོན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་གྱི་ཞི་མཐུན་དགེ་སྒྲུབ་ཀྱི་འདུ་ཤེས་དར་སྤེལ་བཏང་ཏེ་འགྲོ་བ་སྡིག་སྤོང་དགེ་སྒྲུབ་ཀྱི་ལམ་དུ་འཇུག་པར་ཁྲིད་སྟོན་གནང་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་འཕེལ་རྒྱས་བཅས་ལ་སྐུལ་འདེད་གནང་ནས་རྒྱལ་ཁབ་བདེ་འཇགས་དང་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་ཐུགས་ནུས་ཧུར་ཐག་འབུལ་བ། དྲུག་ནས་འགྲོ་བ་རིགས་དྲུག་བདེ་འཁོད་ཀྱི་ཚད་གཞི་མཐོན་པོ་འཛུགས་པ། སྤྱི་ཚོགས་ལ་དོ་ཁུར་དང་འགྲོ་བ་ཐུགས་སུ་བཅངས་ཏེ་དད་ལྡན་མང་ཚོགས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་ཐོན་སྐྱེད་འཕེལ་རྒྱས་དང་། ལས་བརྩོན་ཕྱུག་འགྱུར། འཚོ་བའི་ཆ་རྐྱེན་ལེགས་གཏོང་། འཚོ་བའི་ཆུ་ཚད་མཐོར་གཏོང་བཅས་ཀྱི་ཐོག་ཁྲིད་སྟོན་གནང་ནས་དད་ལྡན་མང་ཚོགས་ཚོར་དྲིན་ཤེས་དང་། དྲིན་ཚོར། དྲིན་གཅེས། དྲིན་གསོ་བཅས་ཀྱི་སློབ་གསོ་གནང་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཆེད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་ཐུགས་ནུས་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།

པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་མིག་མཐོང་ལག་ཟིན་བྱུང་བ་བརྒྱུད་ང་ཡིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ཟབ་མོ་ཚོར་བྱུང་། ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་ཟབ་མོ་ཚོར་བྱུང་། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་མེད་པ་དང་བོད་བརྒྱུད་ནང་བསྟན་གྱི་ད་ལྟ་མེད་པའི་མྱོང་ཚོར་ཟབ་མོ་བྱུང་། ད་ཕན་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་དབྱང་གི་བོད་སྐྱོང་བྱེད་ཕྱོགས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱས་ནས་དམངས་ཆེད་དང་དངོས་འཛིན་དངོས་སྒྲུབ་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་། མི་དམངས་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བ། སྣོད་བཅུད་ཁོར་ཡུག་བཟང་བ་བཅས་ཀྱི་གྲུབ་འབྲས་ཐོབ་པ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་དང་མི་རྣམས་ཀྱིས་བསྔགས་བརྗོད་ཞུ་འོས་པ་ཞིག་ཡོད་ཅེས་གསུངས་པ་རེད།

པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་ད་ཕན་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་སྲིད་ཇུས་ནན་ཏན་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། དགོན་སྡེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ། རྒྱ་ཆེའི་གྲྭ་བཙུན་ལ་ཐུགས་ཁུར་དང་བྱམས་སྐྱོང་བྱེད་པ། དགོན་ཕན་གྲྭ་ཕན་གྱི་སྲིད་ཇུས་བཟང་པོ་ལག་ལེན་བསྟར་བ་བཅས་ཀྱི་བརྒྱུད་རིམ་དེའི་ནང་བོད་བརྒྱུད་ནང་བསྟན་སླར་ཡང་ལྷད་མེད་ཁུངས་དག་བྱུང་བས་རྒྱ་ཆེའི་གྲྭ་བཙུན་ཚོའི་ཚབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཆོས་ལུགས་ཀྱི་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ལས་དབང་གཉིས་གཅིག་ཏུ་འབྲེལ་ཡོད། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་རྒྱལ་གཅེས་ཀྱི་ལངས་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་གཡོ་འགུལ་མི་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱ་རྒྱུ་གཡོ་འགུལ་མི་གཏོང་བ། བྱམས་སྙིང་རྗེ་སྒོམ་པ་དང་འགྲོ་བ་རིགས་དྲུག་བདེ་འགོད་མཐའ་འཁྱོངས་བྱ་རྒྱུར་གཡོ་འགུལ་མི་གཏོང་བ་བཅས་བྱེད་དགོས། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱིས་ད་ལྟའི་དུས་བབ་བཟང་པོར་གཅེས་སྤྲས་དང་གཅེས་སྐྱོང་ལྡབ་འགྱུར་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་དང་སྐུལ་འདེད་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་ཞབས་འདེགས་ཞུ་དགོས་ཞེས་གསུངས་པ་རེད། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མིག་དཔེར་བཟུང་སྟེ་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་བྱས་ཏེ་མིང་དོན་མཚུངས་པ་དང་ལོ་རྒྱུས་ཀྱི་རླབས་རྒྱུན་དང་མཐུན་པའི་པཎ་ཆེན་རིམ་བྱོན་གྱི་རྒྱུན་འཛིན་པ་ཞིག་ཆགས་པ་བྱེད་པ་དང་དུས་མཚུངས་རང་ཉིད་ཀྱི་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་དད་ལྡན་སེར་སྐྱ་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ནས་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་ཆེད་ནུས་ཤུགས་ལེགས་སྐྱེས་ཧུར་ཐག་ཕུལ་ཏེ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་ཆུད་ཟོས་སུ་མི་འགྲོ་བ་དང་། རང་སྐྱོང་ལྗོངས་ཏང་ཨུ་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་རེ་བ་ནན་པོ་ཆུད་ཟོས་སུ་མི་འགྲོ་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོས་སྙིང་དབུས་ནས་རླབས་ཆེན་མེས་རྒྱལ་སྔར་བས་མངའ་ཐང་རྒྱས་པ་དང་བོད་ཀྱི་བྱ་གཞག་ཁག་སྔར་བས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ། མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་གནང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1