བོད་ལྗོངས་ཀྱིས་གྲངས་འཛིན་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-02


        2016ལོར་རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་གྲངས་འཛིན་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ཅིང་། ལྗོངས་ཡོངས་སུ་ཁྱོན་ཤང་གྲོང་གི་གཞི་རིམ་ས་ཚིགས་80དང་སྲིད་འཛིན་གྲོང་ཚོའི་གྲངས་འཛིན་རིག་གནས་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་1128དོན་འཁྱོལ་བྱས་ཡོད་པ་རེད།
        《2016ལོའི་ཀྲུང་དབྱང་གིས་ས་གནས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་ལ་ཁ་གསབ་བྱ་རྒྱུའི་ཆེད་སྤྱོད་མ་དངུལ་རེ་ཞུའི་ལས་དོན་སྐོར་གྱི་རིག་གནས་པུའི་གཞུང་དོན་ཐིང་གི་བརྡ་ཐོ》ཡི་བླང་བྱ་གཞིར་བཟུང་། བོད་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་གི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གྲངས་འཛིན་དཔེ་མཛོད་ཁང་ཁྱབ་གདལ་འདུ་འགོད་དང་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་རེ་ཞུ་བྱས་པ་རེད།                 2016ལོར་རིག་གནས་པུས་རང་ལྗོངས་ཀྱི་སྤྱི་པའི་གྲངས་འཛིན་རིག་གནས་འཛུགས་སྐྱོང་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་2982སྤྲད་པ་དེ་གཙོ་བོ་སྤྱི་པའི་གྲངས་འཛིན་རིག་གནས་ལས་སྟེགས་འཛུགས་སྐྲུན་དང་། ཐོན་ཁུངས་འཛུགས་སྐྲུན། ཞབས་ཞུ་ཁྱབ་གདལ་བཅས་ཀྱི་ལས་དོན་སྤེལ་བའི་ཐད་སྤྱད་ཡོད་པ་རེད།
        དེ་དང་ཆབས་ཅིག་བོད་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་ད་དུང“གྲངས་འཛིན་དཔེ་མཛོད་ཁང་ཁྱབ་གདལ་འདུ་འགོད་གསོ་སྦྱོང་འཛིན་གྲྭ”གཉེར་ཏེ་གསོ་སྦྱོང་དང་། འགྲེམས་སྟོན། ཁྱབ་གདལ་བཅས་ཟུང་འབྲེལ་བྱེད་པའི་བྱ་ཐབས་ཐོག་ནས་གྲངས་འཛིན་དཔེ་མཛོད་ཁང་ཁྱབ་གདལ་འདུ་འགོད་ཀྱི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད། བོད་ཀྱི་ས་ཁུལ་ཁག་དང་བོད་ལྗོངས་དཔེ་མཛོད་ཁང་ནས་ཡོང་བའི་སློབ་མ་43ད་ཐེངས་ཀྱི་གསོ་སྦྱོང་ནང་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1