༄༅༅།། བོད་ཀྱི་རི་མོ་མཁས་ཅན་ཁམས་སྐལ་བཟང་ཡེ་ཤེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-02


        ཀྲུང་གོའི་མཛེས་རྩལ་ཁང་དུ་《ཐང་སྟོང་རྒྱལ་པོ》ཡི་ཐང་ག་གསར་པ་ཞིག་གིས་ཁྱེད་ཀྱི་མིག་དབང་འཕྲོག་ངེས། དངོས་ཡོད་ཀྱི་བརྗོད་གཞི་དང་གསར་གཏོད་ཀྱི་འབྲི་རྩལ་ཐོག་ནས་རི་མོ་བ་མཁས་ཅན་ཞིག་གི་ཕྱག་རིས་ཡིན་པ་ཤེས་སླ། ཁོང་ནི་བོད་ཀྱི་རི་མོ་བ་གྲགས་ཅན་ཁམས་སྐལ་བཟང་ཡེ་ཤེས་རེད།
        1944ལོར་ཁོང་ཁམས་ཕྱོགས་སུ་སྐུ་འཁྲུངས་ཤིང་1962ལོར་སི་ཁྲོན་མཛེས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན། སྐལ་བཟང་ཡེ་ཤེས་ལགས་ཀྱི་ཕྱག་གི་པིར་རྩལ་དང་སེམས་ཁོང་གི་བོད་ཁུལ་གྱི་དུང་སེམས་ཟུང་དུ་སྦྲེལ། 1964ལོར་ཁོང་གིས་གསར་འབྲི་གནང་བའི་《དུས་ཆེན་》ཞེས་པ་དང་། 《རྩིས་པ་ཆུང་ཆུང་》ཞེས་པའི་རི་མོ་རྒྱལ་ཡོངས་ཀྱི་སྐབས་བཞི་པའི་མཛེས་རྩལ་འགྲེམས་སྟོན་ནང་ཞུགས་པར་མ་ཟད། ཐན་ཅིང་སྒྱུ་རྩལ་རིག་དངོས་ཁང་གིས་ཉར་ཚགས་བྱས། དེ་དང་ཆབས་ཅིག སྐལ་བཟང་ཡེ་ཤེས་ཀྱི་རི་མོ་བརྒྱ་ཙམ་དང་། འདྲ་པར་150ཙམ་སྔོན་རྗེས་སུ་ཞིང་ཆེན་རིམ་པ་ཡན་གྱི་འགྲེམས་སྟོན་ཐེངས་29ཙམ་ནང་ཞུགས། དེའི་ནང་རྒྱལ་ཡོངས་རིམ་པའི་འགྲེམས་སྟོན་ཐེངས་15དང་ཕྱི་རྒྱལ་དུ་འགྲེམས་སྟོན་ཐེངས་7བྱས་ཡོད། གཞན་ཡང་། ཁོང་གི་རི་མོ་11རྒྱལ་ཁབ་རིམ་པའི་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས། རི་མོ་20ལ་སྔོན་རྗེས་སུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་པ་དང་དུ་དུང་རི་མོ་མང་པོ་ཚགས་པར་དང་དུས་དེབ་ཐོག་བཀོད་ཡོད། 1986ལོར་ཁོང་གིས་བྲིས་པའི་རི་མོ་《ཐང་སྟོང་རྒྱལ་པོ་》ཞེས་པ་དང་། 《རྟ་རྒྱུག་མདའ་འཕེན་》ཞེས་པ་དེ་གཉིས་ཀྲུང་གོའི་རྒྱལ་ཁབ་དངོས་མང་བཤམ་སྟོན་ཁང་དུ་རྒྱལ་ཁབ་རིམ་པ་དང་པོའི་རི་མོ་རུ་བརྩིས་ནས་ཉར་ཚགས་བྱས། ད་དུང་ཁོང་གིས་གཙོ་སྒྲིག་གནང་བའི་རྒྱལ་ཁབ་རིམ་པའི་ལས་གཞི་《ཀྲུང་གོའི་བོད་ཀྱི་ཐང་ག་རིག་གནས་ཡིག་ཚགས་ལས་བོད་ལྗོངས་ཆབ་མདོའི་བམ་པོ།》ཞེས་པ་དང་《ཀྲུང་གོའི་བོད་ཀྱི་ཐང་ག་རིག་གནས་ཡིག་ཚགས་ལས་སི་ཁྲོན་རྔ་བའི་བམ་པོ།》ཞེས་པ་དང་། 《 ཀྲུང་གོའི་བོད་ཀྱི་མཛེས་རྩལ་ཕྱོགས་བསྒྲིགས་ལས་སི་ཁྲོན་ཐང་ག་བམ་པོ།》 《ཀྲུང་གོའི་བོད་ཀྱི་མཛེས་རྩལ་ཕྱོགས་བསྒྲིགས་》ལས་ཆབ་མདོའི་བམ་པོ་སོགས་ཡོད་ཅིང་། ད་ལོར་ཡང་《བོད་ཀྱི་དམངས་ཁྲོད་མཛེས་རྩལ་》དེབ་དང་པོ་དང་《བོད་ཀྱི་མཛེས་རྩལ་ལོ་རྒྱུས་》པར་སྐྲུན་འགྲེམས་སྤེལ་བྱེད་གྲབས་ཡོད་པ་རེད། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1