ཞི་ཅིན་ཕིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཚོགས་འདུ་ལ་ཞུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-09


        སྤྱི་ཟླ་3པའི་ཚེས་8ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་འཐུས་མི་ཚོགས་ཆེན་ཐེབས་ལྔ་པར་ཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ཚོགས་འདུ་ལ་ཞུགས། གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་སླེབས་པའི་སྐབས་སུ་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱལ་ཡོངས་ཚོགས་ཆེན་གཉིས་ལ་ཞུགས་པའི་བུད་མེད་འཐུས་མི་དང་བུད་མེད་ཨུ་ཡོན། བུད་མེད་ལས་བྱེད་མི་སྣ། དེ་མིན་རྒྱལ་ཡོངས་ཀྱི་རིགས་སོ་སོ་དང་ལས་རིགས་ཁག་གི་བུད་མེད་བློ་མཐུན་རྣམས་ལ་ལྷག་བསམ་རྣམ་དག་གིས་བཀྲ་ཤིས་སྨོན་འདུན་ཞུས། 

        གྲོས་ཚོགས་སྟེང་ཝང་ཏུང་མིང་དང་ལའོ་ཡོན་ལིན། ཐང་ལང་ཀྲི། བློ་བཟང་བྱམས་པ། ལིན་ཧྲུའུ་ཁྲེན། ཀེན་ཧྥའོ་ནན་སོགས་འཐུས་མི་དྲུག་གིས་སྔ་རྗེས་སུ་སི་ཁྲོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་གནོད་རྗེས་བསྐྱར་བསྐྱར་ལ་ཤུགས་སྣོན། རྒྱལ་ཁབ་ལྟེ་གནས་གྲོང་ཁྱེར་གྱི་འཛུགས་བསྐྲུན། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དོ་དམ་ལས་ཀ་ལེགས་པོར་བསྒྲུབ་པ། དབྱི་ཁུལ་གྱི་དབུལ་སེལ་འགག་སྒྲོལ་གྱི་གཡུལ་འཐབ་ལ་རྒྱལ་ཁ་ལེན་པ། དམངས་གཉེར་ཁེ་ལས་དབུལ་སེལ་འགག་སྒྲོལ་གྱི་གཡུལ་འཐབ་ལ་ཞུགས་པ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བཏོན། ཞི་ཅིན་ཕིང་གིས་ནན་གྱིས་བསམ་འཆར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་སི་ཁྲོན་གྱི་ལོ་གཅིག་རིང་གི་བྱ་བ་ལ་ཁས་ལེན་བྱས་རྗེས། གཏིང་ཟབ་པའི་སྒོ་ནས་ཞིང་ལས་ཀྱི་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་བློ་བརྟན་འགྱུར་མེད་སྒོས་དབུལ་སེལ་འགག་སྒྲོལ་གྱི་གཡུལ་འཐབ་ལ་རྒྱལ་ཁ་ལེན་པ། ནན་ཏན་གྱིས་གསར་གཏོད་གསར་བསྐྲུན་གྱི་ལས་ཀ་སྤེལ་བ་དང་དག་གཙང་བསླད་མེད་ཀྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་པ། གཅིག་སྡུད་ཀྱིས་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པ་དང་བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག དམངས་འཚོ་ལེགས་བཅོས། ཉེན་ཁ་སྔོན་འགོག་བཅས་ཀྱི་ལས་ཀ་ཁག་ལེགས་པོར་བསྒྲུབ་དགོས། རང་རྒྱལ་གྱི་ཞིང་ལས་དང་ཞིང་གྲོང་གི་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་རིམ་གསར་པ་ཞིག་ལ་སླེབས་ཤིང་ཞིང་ལས་ཀྱི་འགལ་བ་གཙོ་བོ་དེ་སྤྱིའི་འབོར་གྲངས་ཀྱིས་མི་འདང་བ་དེ་སྒྲིག་གཞི་རང་བཞིན་གྱི་འགལ་བ་བསྒྱུར་འགོད་བྱས་པ་དེ་རེད། འགལ་བའི་ཕྱོགས་གཙོ་བོ་དེ་མཁོ་འདོན་ཕྱོགས་ཀྱི་སྟེང་ན་ཡོད་པས་ངེས་པར་དུ་གཏིང་ཟབ་པའི་སྒོ་ནས་ཞིང་ལས་མཁོ་འདོན་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས་མགྱོགས་མྱུར་སྒོས་ཞིང་ལས་དང་ཞིང་གྲོང་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱས་ཏེ་ཞིང་ལས་དེང་རབས་ཅན་གྱི་འཛུགས་སྐྲུན་རྣམ་པ་གསར་པ་ཞིག་ཆགས་སུ་འཇུག་དགོས། དེ་མིན་ཚོང་རའི་དགོས་མཁོའི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་ཞིང་ལས་མཁོ་འདོན་གྱི་སྤུས་ཀར་དམིགས་ནས་རྒྱུན་མཐུད་འཕེལ་རྒྱས་ལ་མཐོང་ཆེན་བྱ་དགོས། ལྗང་མདོག་དང་སྐྱེ་ལྡན། གནོད་བྲལ་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་ལ་ཤུགས་སྣོན། ཕྱོགས་ཡོངས་ཀྱི་ཐོན་སྐྱེད་ལས་ཕྱོད་མཐོར་འདེགས་དང་ཞིང་ལས་ཐོན་ལས་མ་ལག་དང་ཐོན་སྐྱེད་མ་ལག ཚོང་གཉེར་མ་ལག་བཅས་ལེགས་བསྒྱུར་བྱས་ཏེ་ཞིང་ལས་དང་ཞིང་གྲོང་བཅོས་སྒྱུར་གྱི་ཕྱོགས་བསྡུས་ཕན་ཕྱོད་ཆགས་སུ་འཇུག་པ། གྲོང་ཁྱེར་དང་ཡུལ་ཤོག་གི་འཕེལ་རྒྱས་གཞི་གཅིག་ཅན་དུ་གྱུར་བར་སྐུལ་འདེད་གཏོང་བ། ས་གནས་རང་ནས་ཞིང་ལས་ལ་དགའ་ཞིང་ལག་རྩལ་ལ་བྱང་བ། ཚོང་གཉེར་ལ་མཁས་པའི་ལས་རིགས་གསར་པའི་ཞིང་པ་གསོ་སྐྱོང་བྱ་དགོས། དབུལ་སེལ་འགག་སྒྲོལ་ལས་ཀ་ནན་གྱིས་བསྒྲུབ་དགོས་པ་དང་མུ་མཐུད་དུ་དབུལ་ཕོངས་ལས་ཐར་བའི་རྫོང་དང་སྡེ་བ། དུད་ཁྱིམ་བཅས་སྲ་བརྟན་དུ་བཏང་ནས་འཐུས་ཚང་བའི་དབུལ་སེལ་ལམ་ལུགས་འཛུགས་ནས་དབུལ་སྐྱོར་ལས་ཀའི་ཁྲོད་ཕྱི་རྣམ་རང་ལུགས་འབྱུང་བར་སྔོན་འགོག་བྱ་དགོས། འཛམ་གླིང་གི་ཚན་རྩལ་བཅོས་སྒྱུར་གྱི་ལོ་རྒྱུས་གོ་སྐབས་དམ་འཛིན་བྱས་ཏེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་དམིགས་ཡུལ། འཐབ་ཇུས། ཞན་ཆ་བཅས་ལ་ཁ་གཏོད་དགོས། དེ་མིན་ཆབ་སྲིད་སྐྱེ་ཁམས་ནི་ང་ཚོས་ཏང་ལ་དོ་དམ་དང་ཏང་ལ་བཅོས་སྐྱོང་བྱས་པར་ཤུགས་ལྡན་མིན་གྱི་ཚད་གཞི་གལ་ཆེན་ཞིག་ཡིན་ལ། དྭངས་གཙང་བསླད་མེད་ཀྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་པ་ནི་རྒྱུན་མཐུད་ཀྱི་ལས་ཀ་ཞིག་རེད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1