རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བོད་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་སྣོད་བཅུད་སྲུང་སྐྱོང་སྐོར་ལ་དོ་ཁུར་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 03-09


        རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་འཚོག་བཞིན་ཡོད་ཅིང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཐད་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རང་ལྗོངས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་དོ་ཁུར་ཆེན་པོ་གནང་བཞིན་ཡོད།
        “སྣོད་བཅུད”ཅེས་པའི་ཡིག་འབྲུ་གཉིས་འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐེངས་15ཙམ་ཐོན་ཡོད། ལྷག་དོན་དུ་ཙུང་ལི་ལི་ཁེ་ཆང་གི་སྙན་སྒྲོན་ནང“ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་དགོས། ཕྱོགས་ཡོངས་ནས་ཁྱབ་ཁོངས་ཁག་གི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བྱེད་མགྱོགས་སུ་བཏང་སྟེ་ནང་གནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས”ཞེས་པ་བཏོན་གནང་བ་དང་། ད་དུང“སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། ནུས་པའི་ཁུལ་གཙོ་བོའི་ལམ་ལུགས་དང་སྣོད་བཅུད་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐོན་ཁུངས་ཁོར་ཡུག་གི་ཞིབ་དཔྱད་ཚད་ལེན་གྱི་སྔོན་བརྡའི་ལམ་སྲོལ་འཛུགས་པ་དང་། རྒྱལ་ཁབ་ཀྱི་རང་བྱུང་ཐོན་ཁུངས་མ་རྩ་དོ་དམ་གྱི་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བའི་ཚོད་ལྟའི་ལས་དོན་སྤེལ་བ། རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་སྤྱིའི་ཇུས་གཞི་འདོན་པ་བཅས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཆེད་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས་པའི”ནན་བཤད་གནང་ཡོད། དེ་ཐོག་ནས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ལས་དོན་ནང་སྣོད་བཅུད་སྲུང་སྐྱོང་གིས་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད་པ་མཚོན་ཐུབ།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རང་ལྗོངས་ཀྱི་འཐུས་མི་དང་སྲིད་གྲོས་ཀྱི་ཨུ་ཡོན་ཚོས་བོད་འདི་ཉིད་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ས་ཁམས་ཁོར་ཡུག་ཆགས་སྟངས་ལ་ཤུགས་རྐྱེན་དང་། གནམ་གཤིས་མ་ལག་བརྟན་གཏོང་། ཆུའི་ཐོན་ཁུངས་བདེ་འཇགས་འགན་ལེན། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་སོགས་ཐད་གལ་ཆེའི་ནུས་པ་ཐོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་བྱུང་ལ་བརྩི་སྲུང་དང་། རང་བྱུང་ལ་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བྱེད་པ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཆར་འགོད་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གང་སར་ཁོར་ཡུག་སྲུང་སྐྱོང་གི་བྱེད་ཐབས་ལག་ལེན་བསྟར་བ་བཅས་བྱས་པས་འཕེལ་རྒྱས་དང་སྲུང་སྐྱོང་གཉིས་ཀར་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།
        དངོས་འབྲེལ་དེ་ལྟར་རེད། ད་ཆ་ལྗོངས་ཡོངས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་47དང་། སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་22 རྒྱལ་ཁབ་ཀྱིས་འདམ་རའི་སྤྱི་གླིང་5ས་གཤིས་སྤྱི་གླིང་4 རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་3བཅས་བསྐྲུན་པ་དང་དེ་བཞིན་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125དང་། རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་རྩི་ཤིང་རིགས་39 སྣོད་བཅུད་མ་ལག་གལ་ཆེན་བཅས་སྲུང་སྐྱོང་ནུས་ལྡན་བྱས་ཡོད། དེ་དང་དུས་མཚུངས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་སྣོད་བཅུད་ཤང(གྲོང་རྡལ)དང་གྲོང་ཚོ་གཏོད་པའི་ལས་དོན་སྔ་རྗེས་སུ་སྤེལ་འགོ་བཙུགས་ཡོད། 2016ལོར་ཉིང་ཁྲི་གྲོང་ཁྱེར་ཁོ་ནར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་39བྱུང་བ་དེས་དཔལ་འབྱོར་བསྡོམས་འབོར་གྱི་བརྒྱ་ཆ་སུམ་བཅུ་ཡན་བཟུང་ཡོད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་གྱི་ཧྲེ་ཀྲང་དབང་འདུས་ཀྱིས་ཉིང་ཁྲིའི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ནི་ཁྱད་ཆོས་མངོན་གསལ་དོད་ཤོས་དང་བཀྲག་མདངས་འཚེར་ཤོས་ཀྱི་ཉིང་ཁྲིའི་མིང་བྱང་ལྟ་བུ་ཞིག་ཡིན་ལ་ཉིང་ཁྲི་གྲོང་ཁྱེར་གྱི་བསྡུར་གཞི་ཡོད་པའི་ལེགས་ཆ་དང་རྗེས་ཐོན་ལེགས་ཆ་ཞིག་ཀྱང་རེད། ང་ཚོས་ཡིད་འོང་ཉིང་ཁྲི་གཏོད་པའི་དམིགས་ཚད་མཐའ་འཁྱོངས་ཀྱིས་ལྗང་མདོག་སྣོད་བཅུད་དེ་ཉིད་གྲོང་ཁྱེར་གཏོད་པའི་རྩ་བར་བརྩིས་ནས་སྣོད་བཅུད་ཀྱི་མཐའ་ཚད་བརྟན་སྲུང་བྱེད་པའི་རྨང་གཞིའི་ཐོག་སྣོད་བཅུད་ཀྱི་གཏིང་ཤུགས་སྔོག་འདོན་ཤུགས་ཆེན་བྱས་ཏེ་གྲོན་ཆུང་འཕེལ་རྒྱས་དང་། ཐཱན་ཉུང་འཕེལ་རྒྱས། དྭངས་གཙང་འཕེལ་རྒྱས། འཁོར་རྒྱུག་འཕེལ་རྒྱས། བདེ་འཇགས་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ནས་ཉིང་ཁྲིའི་ལྗང་མདོག་འཕེལ་རྒྱས་ཀྱི་རིམ་འཕར་དཔར་གཞི་གཏོད་གང་ཐུབ་བྱས་ཏེ་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་དང་ཉིང་ཁྲིའི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད་ཅེས་གསུངས་པ་རེད།
        ཇི་ལྟར་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་གྲུབ་འབྲས་སྲ་བརྟན་གཏོང་བའི་ཐད། སྣོད་བཅུད་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་སྔར་བས་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྣོད་བཅུད་སྲུང་སྐྱོང་བྱེད་པའི་རྨང་གཞིའི་ཐོག་སྣོད་བཅུད་ལས་འབབ་འཕར་ཡོང་བ་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བསམ་གཞིག་ཞིབ་ཚགས་པོ་ཡོད་ལ་འཐུས་མི་དང་ཨུ་ཡོན་རྣམས་ལ་ཡང་ཡང་དག་གནད་འཕིགས་ཀྱི་དགོངས་ཚུལ་ཡང་ཡོད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཁོངས་མི་སྐོར་གཟིགས་པ་ཧུང་ཝུའི་ཡིས་མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོས་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཡིན་པས། ངེས་པར་དུ་དམར་ཐིག་དེ་སྲུང་དགོས་ཞེས་གསུངས་ཤིང་། ཁོང་གིས་བོད་ཀྱི་མཐའ་མཚམས་ས་ཁུལ་སྒོ་དབྱེ་བྱེད་ཚད་ཆེ་རུ་བཏང་ནས་མཐའ་མཚམས་མི་སེར་དེ་བས་མང་བར་མཐའ་མཚམས་ཡུལ་སྐོར་ལས་རིགས་ཁྲོད་ནས་ཕན་པ་ཐོབ་པ་བྱེད་དགོས་ཞེས་པའི་གྲོས་འགོ་བཏོན་གནང་བ་རེད།
        རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་རྒྱུན་ཨུ། དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་བསོད་ནམས་རྡོ་རྗེས་བོད་ཀྱི་ནགས་ཁུལ་རྒྱ་ཁྱོན་ཆེ་ལ་ས་བབ་མཐོ་བས་ནགས་སྲུང་དོ་དམ་པའི་མ་གནས་ནང་སའི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་ལས་མཐོ་བ་ཡོད་པ་མ་ཟད། དཔལ་འབྱོར་གྱི་རྨང་གཞི་ཞན་པོ་ཡོད། ནོར་ཤུགས་90%ཡན་ཀྲུང་དབྱང་ནོར་སྲིད་ནས་སྤོ་སྒྱུར་གཏོང་སྤྲོད་དང་ཆེད་དོན་ཁ་གསབ་གནང་གི་ཡོད། ས་གནས་ནོར་སྲིད་ལ་སྤྱི་ཕན་ནགས་ཚལ་གྱི་སྣོད་བཅུད་ཁ་གསབ་སྤྲོད་པའི་ནུས་པ་གཏན་ནས་མེད་པས། རྒྱལ་ཁབ་ལ་བོད་ཀྱི་སྤྱི་ཕན་ནགས་ཚལ་གྱི་ཁ་གསབ་ཚད་གཞི་འོས་འཚམ་ངང་མཐོ་རུ་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
        “མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་པ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པས། བོད་ཀྱི་སྣོད་བཅུད་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱིས་ང་ཚོར་སྤྲད་པའི་འཐབ་ཇུས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཐིང་ཀྲང་ཡོན་ཏན་གྱིས་གསུངས་ཤིང་། ཁོང་གིས་སྤྱི་ཚོགས་ཡོངས་ཀྱིས་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་འཁུར་ནས་ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ཏེ་ཁོར་ཡུག་གི་སྤུས་ཚད་མཐོ་རུ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1