གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༣ཚེས་༡༠ཉིན།

སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

        སྤྱི་ཟླ་3ཚེས་8ཉིན་གྱི་ཕྱི་དྲོར་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཚོགས་འདུ་ཐེངས་ལྔ་པས་མི་དམངས་ཚོགས་ཁང་ཆེ་མོར་ཚང་འཛོམས་གྲོས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་ཆེན་ཐོག་ལས་དོན་སྙན་ཞུ་གནང་བ་རེད། ཚོགས་འདུའི་ཐོག་དམངས་ཁྲིམས་ཀྱི་སྤྱིའི་རྩ་འཛིན་འཆར་ཟིན་གྱི་གསལ་བཤད་དང་། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མི་གྲངས་དང་འདེམས་བསྐོའི་གནད་དོན་གྱི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོ་བྱ་ཐབས་འཆར་ཟིན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོའི་བྱ་ཐབས་འཆར་ཟིན་སྐོར་གྱི་གསལ་བཤད་བཅས་གསན།
        ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།
        ཀྲང་ཏེ་ཅང་གིས་སྙན་ཞུ་གནང་སྐབས། ལོ་གཅིག་རིང་རྒྱུན་ལས་ཨུ་ལྷན་གྱིས་བཅའ་ཁྲིམས་ཁག་8བཟོས་པ་དང་བཅའ་ཁྲིམས་ཁག་27བཟོ་བཅོས་བྱས་པ་དང་། འབྲེལ་ཡོད་བཅའ་ཁྲིམས་གནད་དོན་གྱི་7ལ་གཏན་འབེབས་གྲོས་ཆོད་བཞག་པ། བཅའ་ཁྲིམས་འགྲེལ་བཤད་1བྱས་པ། བཅའ་ཁྲིམས་འཆར་ཟིན་1དང་འབྲེལ་ཡོད་བཅའ་ཁྲིམས་གནད་དོན་གྱི་གཏན་འབེབས་འཆར་ཟིན་3རྒྱལ་ཡོངས་མི་དམངས་འཐུས་ཚོགས་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་པས། ཁྲིམས་བཟོ་བའི་ལས་དོན་ཐད་མུ་མཐུད་གྲངས་འབོར་མང་བ་དང་། དོན་སྙིང་ཆེ་བ། མྱུར་ཚད་མགྱོགས་པ་བཅས་ཀྱི་ཁྱད་ཆོས་མངོན་པ་དང་ཁྲིམས་བཟོ་བའི་སྤུས་ཚད་སྔར་བས་གོང་མཐོར་ཕྱིན་པ། བཅའ་ཁྲིམས་6ལག་བསྟར་བྱས་ཚུལ་ཞིབ་བཤེར་བྱས་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ལས་དོན་སྙན་སྒྲོན་20གསན་པ་དང་གྲོས་ཞིབ་བྱས་པ་དང་གྲོས་ཆོད་2གྲོས་འཆམ་བྱུང་བ། ཆེད་དོན་འདྲི་རྩད་ཐེངས་3དང་ཆེད་དོན་བརྟག་ཞིབ་ཁག་5བྱས་ཏེ་ལག་ལེན་ཁྲོད་ལྟ་སྐུལ་ལས་དོན་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ནས་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་ཕྱིན་པ།
        འཐུས་མིའི་གྲོས་གཞིར་གྲོས་ཞིབ་བྱས་འབྲས་སྐོར་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་8དང་འཐུས་མི་རེ་གཉིས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་7གྲོས་ཞིབ་དང་གྲོས་འཆམ་བྱུང་བ་དང་། རང་རྒྱལ་དང་ཕྱི་རྒྱལ་དབར་བཞག་པའི་ཆིངས་ཡིག་དང་གྲོས་ཆོད་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཆིངས་7བཅས་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་བྱས་པ། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣ་ཁག་གཅིག་བསྐོ་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་གཏན་འབེབས་བཅས་བྱས་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ལ་དེ་སྔའི་རྨང་གཞིའི་ཐོག་སླར་ཡང་འཕེལ་རྒྱས་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།
        སླད་ཕྱིན་ལོ་གཅིག་གི་ལས་འགན་གཙོ་བོའི་ཐད་ཀྲང་ཏེ་ཅང་གིས་2017ལོར་རང་རེའི་ཏང་གིས་གལ་འགངས་ཆེ་ལ་དོན་སྙིང་ཟབ་པའི་རྒྱལ་ཡོངས་འཐུས་ཚོགས་ཐེངས་བཅུ་དགུ་པ་འཚོག་རྒྱུ་ཡིན་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཨང་དང་པོ་ཡིན། 2017ལོ་ནི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕྱོགས་ཡོངས་ནས་ལག་བསྟར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གལ་ཆེའི་ལོ་ཞིག་ཡིན་པས་འདི་ལོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་འགངས་ཆེན་ལྡན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྤྱིའི་བླང་བྱ་ནི། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་།“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱེད་པ། གཙོ་གནད་ཁྱབ་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན་བྱེད་པ། འཐུས་མིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་དང་འགན་ལེན་བཅས་བྱས་ནས་སྐབས་འདིའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱས་ཏེ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། 
        ཀྲང་ཏེ་ཅང་གིས་ཁྲིམས་བཟང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལེགས་སྐྱོང་ཐུབ་པའི་འགན་ལེན་བྱས་ཏེ་ལྟ་སྐུལ་ཡང་དག་དང་ལྟ་སྐུལ་ནུས་ལྡན་གྱིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོར་སྒྲུབ་པ་དང་འཐུས་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་སོགས་ཀྱི་ཐད་2017ལོའི་ལས་དོན་གཙོ་བོ་རྒྱས་བཤད་གནང་བ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་གོས་དམངས་ཁྲིམས་ཀྱི་སྤྱིའི་རྩ་དོན་འཆར་ཟིན་སྐོར་གསལ་བཤད་གནང་བ་རེད། ལི་ཅན་གོས་དམངས་དོན་སྐོར་གྱི་ཁྲིམས་གཞུང་བཟོ་རྒྱུ་དེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི་ཁྲིམས་འཛུགས་ཀྱི་ལས་འགན་གལ་ཆེན་ཡིན་པས་གལ་འགངས་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། དམངས་དོན་སྐོར་གྱི་ཁྲིམས་གཞུང་བཟོ་རྒྱུ་དེ་ཏང་གིས་དམངས་ཆེད་སྲིད་སྐྱོང་བའི་རྩ་བའི་དགོངས་དོན་མཚོན་པ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བའི་བྱེད་ཐབས་གལ་ཆེན་ཞིག སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ལྡོག་མེད་བླང་བྱ་ཞིག་བཅས་རེད་ཅེས་གསུངས་པ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཡིན་པའི་ཝང་ཁྲེན་གྱིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་མིང་བསྐལ་དང་འདེམས་བསྐོའི་གནད་དོན་གྱི་གཏན་འབེབས་འཆར་ཟིན་སྐོར་གྱི་གསལ་བཤད་དང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོའི་སྐོར་གྱི་བྱ་ཐབས་འཆར་ཟིན་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འདེམས་བསྐོའི་བྱ་ཐབས་འཆར་ཟིན་སྐོར་ལ་གསལ་བཤད་གནང་བ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1