ལི་ཐང་རྫོང་གིས་སྤྱི་ཚོགས་གསོག་དངུལ་སྒོར་ཁྲི་1200བཏང་ནས་དབུལ་སྐྱོར་ལ་རམ་འདེགས་བྱས།

ཀུན་དགས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 03-13


        ཉེ་ཆར། གསར་འགོད་པས་ལི་ཐང་རྫོང་དབུལ་སྐྱོར་དང་གནས་སྤོ་ཡུལ་མིའི་ལས་དོན་ཅུས་ནས་ཤེས་རྟོགས་བྱུང་དོན། 2016 ལོར་རྫོང་དེས་ཁ་གཏད་རོགས་སྐྱོར་སོགས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་མ་དངུལ་སྒོར་ཁྲི་1200བསྡུས་ནས་དབུལ་སྐྱོར་ལས་ཀར་རམ་འདེགས་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་ནུས་ལྡན་བཏང་བ་རེད།    ཤེས་རྟོགས་བྱུང་བར་གཞིགས་ན། 2016 ལོ་ནས་བཟུང་ལི་ཐང་རྫོང་གིས་ཏང་ཨུས་གཙོ་འགན་འཁུར་བ་དང་སྲིད་གཞུང་གིས་གཙོ་བོ་འཛིན་པ། ལས་བྱེད་པས་གཙོ་རོགས་བྱེད་པ། གཞི་རིམ་གྱི་སྐུལ་འདེད་གཙོ་བོ་གཏོང་བ། སྤྱི་ཚོགས་ཀྱིས་དབུལ་སྐྱོར་གཙོ་བོ་བྱེད་པ་བཅས་ཀྱི་འགན་འཁྲིའི་མ་ལག་འཐུས་ཚང་དུ་བཏང་བར་བརྒྱུད་ནས་ཁྱིམ་མི་དང་གཅེས་སེམས་འབུལ་མཁན། འོས་འགན་འཁུར་མཁན། གཞུང་དོན་སྒྲུབ་མཁན་བཅས་སྤྱི་ཚོགས་ཀྱི་མི་ཚོགས་ཆེན་པོ་བཞིའི་སྤྲོ་སེམས་རབ་ཏུ་བསླངས་པ་དང་། དེའི་ནང་ཞུགས་མཁན་གཙོ་བོར་སྐྱེད་སྲིང་བྱས་ཤིང་སྤྱི་ཚོགས་ལས་རིགས་ཁག་གི་དབུལ་སྐྱོར་གྱི་སྟོབས་ཤུགས་བསྡུས་པ་དང་། སྤྱི་ཚོགས་ཀྱི་དབུལ་སྐྱོར་འཇོན་ནུས་ཇེ་ཆེར་བཏང་སྟེ་ཕྱོགས་མང་ནས་ཤུགས་འདོན་པ་དང་། ཕྱོགས་ཁག་གིས་ཤུགས་རྒྱག་པ། ཐུན་མོང་གིས་ནུས་པ་འདོན་པའི་དབུལ་སྐྱོར་གྱི་རྣམ་པ་ཞིག་ཆགས་པ་རེད།
        ལི་ཐང་རྫོང་གིས་མ་བསྐུལ་དང་བླངས་ཀྱིས་འགྲིམ་འགྲུལ་དངུལ་ཁང་དང་། ཀོང་ཏུང་། ཀྲུའུ་ཧའེ། སི་ཁྲོན་ཞིང་ཆེན་གྱི་ཕྱི་དོན་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་སོགས་རིགས་ཁག་དང་རིམ་ཁག་གི་རོགས་སྐྱོར་ཚན་པ་དང་འབྲེལ་མཐུད་བྱས་ཏེ་རྒྱབ་སྐྱོར་རོགས་རམ་སྣ་མང་འཐོབ་པར་བརྩོན་ལེན་ཧུར་ཐག་བྱས་པ་རེད། འགྲིམ་འགྲུལ་དངུལ་ཁང་གིས་རོགས་སྐྱོར་ལས་གཞིའི་མ་དངུལ་སྒོར་ཁྲི་150 སྤྲད་ཅིང་། ཕྱིར་སྡོད་ཀྲུང་གོའི་ཚོང་པས་འཇའ་བ་གྲོང་རྡལ་སྐྱ་གཞི་གྲོང་ཚོར་མི་དམངས་ཤོག་སྒོར་ཁྲི་67.3དང་ཤང་ཀང་གི་སྒོར་མོ་ཁྲི་10ཞལ་འདེབས་བྱས་ཏེ་གྲོང་པ་དེའི་ཆབ་ཁང་དང་ཐབ་ཚང་བསྒྱུར་བཀོད་བྱེད་པའི་ལས་གཞི་འཛུགས་སྐྲུན་ལ་སྤྱད་པ་རེད། ཀྲུའུ་ཧའེ་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་གིས་ཀྲུའུ་ཧའེ་ཡི་ཁེ་ལས་འཐུས་མི་མི་8 སྒྲིག་འཛུགས་བྱས་ཏེ་ཁེ་ལས་ཁྲི་ཡིས་གྲོང་ཚོ་ཁྲི་ལ་རོགས་སྐྱོར་བྱ་ཞེས་པའི་བྱེད་སྒོ་སྤེལ་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་40ཕུལ་བ་རེད།   ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ས་ཁུལ་དང་ཅིན་ཐང་རྫོང་གིས་ལི་ཐང་རྫོང་ལ་མ་དངུལ་སྒོར་ཁྲི་900ཡི་རོགས་སྐྱོར་བྱས་པ་རེད། དེ་མིན། ན་ལོའི་ཟླ་བ་10པའི་ཚེས་17ཉིན་གྱི་དབུལ་སྐྱོར་ཉིན་མོའི་གོ་སྐབས་དང་བསྟུན་ནས་གཅེས་སེམས་ཕུལ་ནས་དབུལ་སྐྱོར་དཀའ་སེལ་བྱ་ཞེས་པས་བརྗོད་བྱ་གཙོ་བོར་བྱས་པའི་ཞལ་འདེབས་བྱེད་སྒོ་སྤེལ་སྟེ་སྤྱི་ཚོགས་ལས་རིགས་ཁག་གིས་མ་དངུལ་སྒོར་ཁྲི་39.2323ཡི་ཞལ་འདེབས་བརྒྱབ་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་སྐུལ་འདེད་ནུས་ལྡན་བཏང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1