༄༅།།མགོན་པོ།

རྡོ་རྗེ་དཔལ་དང་དབང་གྲགས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 03-13


        མི་ཚེ་ནི་བགྲོད་མི་ཚར་བའི་འགྲུལ་བཞུད་རིང་མོ་ཞིག་རེད། བཞུད་ལམ་རིང་མོ་འདི་རུ་མི་སུ་དང་གང་ཡིན་ཀྱང་རང་ཉིད་ཀྱི་ལས་དང་མཐུན་པའི་ལམ་བུ་ཞིག་ཏུ་ཆོད་སེམས་ལྡན་པའི་ངང་མདུན་ནས་མདུན་དུ་སྐྱོད་བཞིན་ཡོད།
ཡིན་ན་ཡང་། མདུན་སྐྱོད་ཀྱི་བཞུད་ལམ་རིང་མོ་དེ་ནི་དེ་འདྲའི་གེགས་མེད་ཐར་བའི་ལམ་ཞིག་ག་ལ་ཡིན། དེ་བཞིན་མགོན་པོ་ལ་མཚོན་ན་མི་ཚེ་འཚོ་བའི་བརྒྱུད་ལམ་རིང་མོའི་ཁྲོད་དུ་རྒྱུ་རྐྱེན་འདྲ་མིན་གྱི་དབང་གིས་བར་ཆད་མང་པོ་གདོང་གིས་མི་བསུ་ག་མེད་བྱུང་ཡོད་པ་རེད།
        ༡༩༥༣་ལོར་རྔ་བ་ཁུལ་ཧུང་ཡོན་རྫོང་ཟངས་དཀར་སྨད་མའི་འབྲོག་ཁྱིམ་དབུལ་བོ་ཞིག་ཏུ་མགོན་པོ་ཟེར་བའི་བྱིས་པ་ཞིག་སྐྱེས་ཤིང་། མིང་སྲིང་བརྒྱད་ཡོད་པའི་གཉིས་པ་དེ་ཡིན། ལོ་ན་ཆུང་ཡང་སློབ་སྦྱོང་བྱེད་ཞོར་དུ་དྲིན་ཕ་མར་ལག་རོགས་བྱེད་པ་ནི་ཁོ་རང་ཆུང་དུས་ཀྱི་གོམས་གཤིས་ཤིག་ཏུ་ཆགས་ཡོད།
        དཀའ་སྡུག་གི་མི་ཚེ།
        ༡༩༦༦ལོར་སློབ་ཆུང་ལོ་རིམ་བཞི་བ་བཏོན་ཟིན་པའི་ཁོ་རང་རིག་གནས་གསར་བརྗེ་ཆེན་མོར་འཕྲད་པས་ཁོའི་སློབ་སྦྱོང་གི་གོ་སྐབས་ཀྱང་དུས་དེ་ནས་ཤོར་ནས་ཁོ་རང་ཤིང་འཐུ་བ་དང་ཕྱུགས་འཚོ་བ་སོགས་སུ་མངགས་ནས་ལུས་ཤུགས་ངལ་རྩོལ་ཚད་ལས་འདས་པ་བྱས། འདི་ལྟར་ལོ་ཆུང་གཞོན་ནུ་ཞིག་གིས་ཐེག་པར་དཀའ་བའི་དཀའ་སྡུག་མང་པོ་མྱང་ན་ཡང་དཀའ་ནས་སྒལ་ཚིགས་སྒུར་སྒུར་བྱེད་མ་མྱོང་ལ།   སྡིག་ནས་མགོ་བོ་དམའ་དམའ་བྱེད་མ་མྱོང་། འདི་ལྟར་ཁོ་རང་ཁྱིམ་གྱི་འཚོ་རྟེན་གཙོ་བོར་གྱུར་པ་རེད།  ལས་བསམ་སར་མི་འགྲོ་གསེག་སར་འགྲོ་ཞེས་པ་ལྟར། ༡༩༨༡ལོར་འཇིག་རྟེན་དཀར་ངོགས་མཐོང་བའི་ཡ་ཐོད་ཀྱི་མིག་ཟུང་ལ་རྨས་ཤོར་བ་རེད། དེ་ནས་རྒྱུ་ཡོད་པ་ཕུད་ཅིང་མེད་པ་གཡར་ནས་སྨན་བཅོས་ཅི་ལྟར་བྱས་ཀྱང་ཕན་སྐྱེད་ཅི་ཡང་མ་བྱུང་། དུས་དེ་ནས་བཟུང་འཇིག་རྟེན་དཀར་ངོགས་དང་ལས་འབྲེལ་གྱི་རྒྱུན་ཐག་རྩ་བ་ཉིད་ནས་ཆད་པ་རེད།
        མིག་ལོང་བར་གྱུར་རྗེས་ཁོ་རང་འཇིག་རྟེན་འདིར་འཚོ་བའི་རེ་ཐག་ཆད་ལ། སྡུག་བསྔལ་གྱི་རྒྱ་མཚོའི་ཀློང་དུ་བྱིངས་པ་དང་ཀུན་ནས་འདྲ་བར་གྱུར།ཡིན་ན་ཡང་ལོ་ངོ་དུ་མ་ཞིག་གི་འཇིག་རྟེན་འཚོ་བའི་ཁྲོད་ནས་རང་སྐྱོབ་ཀྱི་སེམས་ཤུགས་རྙེད་ལ།ལང་ཚོར་ངར་ཞགས་ཤིག་རྒྱས་ནས་མདུན་སྐྱོད་གོམ་སྟབས་བསྒྱུར། ང་ལ་གསོན་ཤུགས་ཀྱི་སེམས་ཤིག་བྱུང་བ་ནས་ལོ་ན་རྒས་པའི་དྲིན་ཕ་མའི་སེམས་ལ་སྐྱིད་ཀྱི་གཡང་ཞིག་འཁོར་ཡོད་པ་སྨྲོས་ག་ལ་དགོས།ཕུ་ནུ་མིང་སྲིང་དག་གིས་ཀྱང་རེ་བའི་ལམ་ཞིག་རྙེད་པར་ཡིད་ཆེས་བྱེད་ཀྱིན་འདུག འདི་ལྟར་ཁྱིམ་བཟའ་མི་རྣམས་ནི་ང་ལ་སེམས་ཤུགས་སྟེར་བའི་དཔུང་རོགས་ཡིན། རིམ་བཞིན་བསམ་བློ་རྣལ་དུ་ཕབས་ནས་དཀར་འོད་མེད་པའི་འཇིག་རྟེན་མི་ཡུལ་ནས་རང་ལ་དབང་བའི་ལམ་བུ་ཞིག་འཚོལ་བར་བསམ་བློ་བཏང་བ་ཡིན་ཞེས་གསར་འགོད་པར་བཤད་བྱུང་། དེ་ནས་ཁོས་དགའ་ཕྱོགས་ལྟར་གླུ་དབྱངས་དང་རྩོམ་རིག་གི་ཕྱོགས་ལ་ལོ་གཅིག་ཙམ་དུ་འབད་པ་བྱས་ཀྱང་གྲུབ་འབྲས་མངོན་གསལ་མ་བྱུང་སྟབས། ཁོས་རང་གིས་འཚོལ་སྙེག་ནི་འབྲས་མེད་ཅིག་ཏུ་ངོས་ཟིན་ཅིང་། སློབ་ཆུང་ལོ་རིམ་བཞི་བ་ཙམ་གྱི་ཡོན་ཚད་ལས་མེད་པ་མ་ཟད་མིག་ཟུང་ལོང་བ་ཞིག་ལ་མཚོན་ན་མི་རྒྱུན་ལྡན་གྱི་ཤེས་རབ་ཅིག་ཡོད་ཟེར་ན་གད་མོ་འཆོར་བའི་གནས་མིན་ནམ་ཞེས་ཁོའི་ཡིད་ལ་ཡང་ཡང་ཤར། དེ་ནས་རང་ལ་འཚམས་པའི་ལམ་ཞིག་འཚོལ་བར་འབད་པ་ལྷོད་མེད་བྱེད་མགོ་བརྩམས།
                     བརྩོན་འགྲུས་ཀྱི་གོམ་སྟབས།

        གཞན་ལ་བརྟེན་ནས་འཇིག་རྟེན་འཚོ་བ་རོལ་ན་དཀའ་ཚེགས་ཤིན་ཏུ་ཆེ་བས་ཁོ་རང་ལ་འཚམས་པའི་འཚོ་ལམ་ཞིག་འདེམས་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་ཏུ་སྨོས་མ་དགོས། རྒྱུས་མངའ་ཅུང་ཙམ་ལོན་ཅིང་བསམ་བློ་ཞིབ་མོ་བཏང་རྗེས་སྟེགས་ལྒང་གཉིས་ཉོས་ནས་ཡོང་སྒོ་འཚོལ་ཐབས་བྱས། དགའ་འོས་པ་ཞིག་ལ་ཡོང་སྒོ་ངེས་ཅན་འཐོབ་པར་མ་ཟད་ཁྱིམ་བཟའ་མིར་མི་བརྟེན་པར་རང་ཁ་རང་གསོའི་གོམ་པ་ཐོག་མ་སྤོས་བྱུང་། དུས་དེ་ནས་བཟུང་ཁོ་ནི་བེད་མེད་ཀྱི་སྐྱེས་པ་མིག་ལོང་ཞིག་མ་ཡིན་པར་ལས་ཀྱིས་བསྐོས་པ་ཕམ་པར་བྱེད་པའི་དཔའ་རྒོད་ཅིག་གམ་རང་གི་ལས་དབང་ལ་རང་གིས་ཁ་ལོ་བསྒྱུར་བའི་ཆོད་སེམས་ཅན་ཞིག་ཏུ་གྱུར། ཁོས་ཉིན་རེ་བཞིན་འཚོ་ཚིས་ཀྱི་དོན་དུ་འབད་ཀྱིན་པའི་སྐབས་ཤིག་ལ་ཁྲེང་ཏུའུ་གྲོང་ཁྱེར་ནེའུ་ཧྲི་ཁུའུ་ལོང་བའི་ཕུར་མཉེད་སྨན་ཁང་གིས་རྒྱལ་ཡོངས་ནས་ཕུར་མཉེད་སློབ་མ་བསྡུ་བའི་བརྡ་ཁྱབ་ཅིག་ཐོས་པ་ན་དེར་འགྲོ་བའི་མོས་པ་འགོག་མེད་ཅིག་སྐྱེས། ཆུང་དུས་ནས་ཤེས་རིག་ལ་དགའ་ཞེན་ཆེ་ཡང་སློབ་སྦྱོང་གོ་སྐབས་ཤོར་བའི་ཁོ་ལ་མཚོན་ན།  དེ་ནི་རིན་ཆེན་གསེར་དངུལ་ལས་ཀྱང་རིན་ཐང་བྲལ་བས་དོགས་སྣང་ཅི་ཡང་མེད་པར་ལག་རྩལ་སྦྱོང་བའི་ལམ་དུ་ཞུགས། ༡༩༨༩ལོའི་ཟླ་བཅུ་བར།ལོ་ན་རྒས་པའི་ཕ་མ་དང་བཟའ་མི་ཉེ་འབྲེལ་གྱི་རེ་བ་ཡིད་ལ་འཆང་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་པར་འགྲུབ་ཆེད་ལོང་བའི་ཚོགས་སྤྱི་ཞིག་ཏུ་ཞུགས་ནས་དམིགས་བསལ་སློབ་སྦྱོང་གི་མགོ་བརྩམས་པ་རེད། རང་ཉིད་ཀྱི་ཕུགས་བསམ་འགྲུབ་སླད་ལོ་གཉིས་ལ་བརྩོན་པ་ལྷོད་མེད་བྱས་ནས་ཕུར་མཉེད་ཀྱི་ལག་རྩལ་སྦྱང་ན་ཡང་ཆེདལས་ཀྱི་ཚད་ཐིག་ཏུ་བསླེབ་དགོས་ན་ད་དུང་མུ་མཐུད་དུ་འབད་པ་ལྡབ་འགྱུར་བྱེད་དགོས།  སློབ་མཐར་ཕྱིན་རྗེས་སློབ་གྲྭའི་གདན་ཞུས་ལྟར་ཕྱིར་སློབ་གྲྭ་སོང་ནས་དགེ་རྒན་བྱས་པ་རེད།


                                                                               གསར་དུ་བཟོས་པའི་ལོང་ཡིག 
        སློབ་སྐབས་གསར་བ་ཞིག་མགོ་བཟུང་དུས་བོད་ཀྱི་སློབ་མ་ལྔ་ཐོན་ཡོད་པ་དང་།  སློབ་མ་གཅིག་མ་གཏོགས་རྒྱ་ཡིག་རྒྱ་སྐད་ཤེས་ཀྱི་མེད་པས་སློབ་སྦྱོང་སྐབས་དཀའ་ངལ་གང་མང་ལ་འཕྲད་ཀྱི་ཡོད་པ་བཤད་མ་དགོས་པ་ཞིག་རེད།དེ་ལྟར་ལས་མཐུན་ལོང་བ་རྣམས་ཀྱི་ཆེད་དུ<<བོད་ཀྱི་ལོང་ཡིག>>ཅིག་རྩོམ་སྒྲིག་བྱེད་པའི་དམ་བཅའ་བཞག་པ་རེད།
        ཁོས་ང་རང་བོད་ཀྱི་ལུའུ་དབྱི་སི•པུའུ་ལེ་ཨར་ལྟ་བུར་འགྱུར་དགོས་བཤད་ཀིན་འདུག  འདི་ཡང་ལོང་བ་གྲངས་མེད་ཅིག་གི་ལས་དབང་གི་ཁ་ལོ་བསྒྱུར་བྱེད་ཅིག་དང་ལོང་བ་གྲངས་མེད་ཅིག་གི་རང་ཁ་རང་གསོ་བྱེད་ཐབས་ཀྱི་བློ་གྲོས་ཤིག་ཡིན་སྟབས་ལག་འབབ་མང་པའི་ཟླ་ཕོགས་དང་བཀའ་དྲིན་ཅན་གྱི་དགེ་རྒན་དག་ལ་གྱེས་བརྡ་གཏོང་གིན་ཕྱིར་རང་གི་ཕ་ཡུལ་ལ་ལོག་པ་རེད།
        ལོང་ཡིག་རྩོམ་སྒྲིག་དང་དཔལ་འབྱོར་ཆ་རྐྱེན་ལ་ཕན་པའི་ཁོར་ཡུག་ཅིག་བསྐྲུན་ཆེད་རྔ་བ་ཁུལ་གྱི་འབར་ཁམས་སུ་ལས་སྒོ་གསར་གཏོད་ཀྱི་གནས་གཞི་གཏན་ལ་འཁེལ་བ་དང་།  བཟའ་མི་གཉེན་ཉེ་རྣམས་ཀྱིས་རོགས་རམ་འོག་ཕུར་མཉེད་སྨན་བཅོས་ཁང་གཉེར་བ་རེད། དང་ཐོག་ཕྱོགས་གང་ཐད་ནས་དཀའ་ངལ་མང་པོར་འཕྲད་ཀྱང་སེམས་ཤུགས་ཅི་འདྲ་ཆེ་ན་མདུན་ལམ་ཡང་དེ་ལྟར་ཆེ་བ་ཞེས་པའི་གདམས་ངག་ཡིད་ལ་འཆང་ནས་ཕུར་མཉེད་ཀྱི་ལས་དོན་ལ་ཤི་འཐམ་རོ་འཐམ་བྱས་པར་མ་ཟད་གྲུབ་འབྲས་ཀྱང་ངེས་ཅན་ཐོན།
        ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་བཞིན་ཕུར་མཉེད་ཀྱི་ལག་རྩལ་ཕྱོགས་ཀུན་ནས་ཡར་རྒྱས་སུ་འགྲོ་བཞིན་པའི་སྐབས་ལས་ཀྱི་བཀོད་སྒྲིག་ཅིག་གམ་བསོད་ནམས་ཀྱི་བགོ་སྐལ་ཅིག་གིས་ཀུན་མཚོ་ཟེར་བའི་འབྲོག་མོ་དྭངས་མ་ཞིག་དང་བདེ་སྐྱིད་ཀྱི་ཁྱིམ་གཞིས་བསྐྱངས། དེ་ནས་ཡོང་འབབ་ངེས་གཏན་དང་ཆུང་མའི་རྒྱབ་སྐྱོར་འོག་ཏུ་བོད་ཀྱི་ལོང་ཡིག་གསར་རྩོམ་བྱེད་པ་དེ་ཡང་ཉིན་རྒྱུན་གྱི་ལས་ཀ་ཞིག་ཏུ་གྱུར། ཁོ་ལ་བོད་ཡིག་གི་རྨང་གཞི་ཞན་ན་ཡང་རང་གི་བརྩོན་འགྲུས་དང་གཞན་གྱི་རོགས་རམ་འོག་ཏུ་བོད་ཀྱི་ལོང་ཡིག་གསར་རྩོམ་ལ་མཐུན་རྐྱེན་ལེགས་པོ་འཛོམས།  ཡིན་ནའང་ཡིད་འཛིན་གྱི་ནུས་པ་ལེགས་པོ་ཞིག་མེད་ན་ལོང་ཡིག་གསར་རྩོམ་བྱེད་དཀའ་བ་ཡིན་པས་ཡིད་འཛིན་ནུས་པ་ལ་སྦྱོང་བརྡར་ཡང་ཡང་བྱས། དེ་ལྟར་ལོ་ངོ་བཅུ་ཕྲག་ལྷག་གི་རིང་དུ་འབད་བརྩོན་བྱས་ནས་ཐོག་མའི་མ་ཟིན་ཡིད་ངོར་གྲུབ་མཚམས་སུ་གནད་དོན་གཞན་ཞིག་ལ་འཕྲད་པ་རེད།  ད་ཇི་ལྟར་བྱས་ནས་ཤོག་ངོས་སུ་ཕབ་དགོས་སམ། དེ་ལྟར་ཅི་བྱ་གཏོལ་མེད་དུ་གྱུར་བའི་སྐབས་ཤིག་ལ་ལོང་བའི་རྩིས་འཁོར་མཉེན་ཆས་ཞེས་པ་ཞིག་པེ་ཅིང་ན་ཉོ་རྒྱུ་འདུག་པའི་གཏམ་བཟང་ཐོས་པས་སེམས་ལ་སྔར་མེད་ཀྱི་སྤྲོ་བ་ཞིག་རྒྱས་ནས་མཉེས་ཆས་དེ་ཉོ་ཐབས་བྱས། མཉེས་ཆས་ལག་ལ་སོན་རྗེས་ཁུལ་མི་དམངས་དངུལ་ཁང་གིས་རྩིས་འཁོར་རྙིང་པ་ཞིག་ཀྱང་ཞལ་འདེབས་ཀྱི་ཚུལ་དུ་ཁོ་ལ་སྟེར།  ཕྱིའི་ཆ་རྐྱེན་འཛོམས་ན་ཡང་རྩིས་འཁོར་ནི་ཁོ་ལ་མཚོན་ན་ཡང་ཆ་མེད་རྒྱུས་མེད་ཅིག་ཡིན་སྟབས་རྩིས་འཁོར་སྤྱོད་སྟངས་སོགས་ལ་སློབ་སྦྱོང་མི་བྱེད་ག་མེད་བྱུང་བར་མ་ཟད།  ཟླ་གཅིག་ཙམ་གྱི་རིང་སྦྱངས་མཐར་རྒྱུན་ལྡན་གྱི་མི་ལྟར་ཡི་གེ་གཏགས་ཤིང་རྩོམ་སྒྲིག་བྱས་ནས་ཉར། རྩིས་འཁོར་ལ་བསྐྱར་གསོ་དཀའ་བའི་གནད་དོན་ཞིག་བྱུང་བས་ལོ་ངོ་གཅིག་རིང་ལ་འབད་པའི་འབྲས་སུ་གར་སོང་ཆ་མེད་དུ་གྱུར། ཡིན་ནའང་ཆུང་མས་བསགས་དངུལ་ཡོད་པ་ལས་རྩིས་འཁོར་གསར་བ་ཞིག་ཉོས་རྗེས་ཡང་བསྐྱར་ལས་ཀ་བསྒྲུབ་མགོ་བརྩམས།
        ཁྱིམ་ཚང་གི་འཚོ་བར་དཀའ་ངལ་ཅི་འདྲ་ཆེ་ན་ཡང་ཆུང་མའི་རྒྱབ་སྐྱོར་དང་རོགས་རམ་འོག་ནས་རླབས་ཆེན་གྱི་ལས་དོན་ཞིག་གི་རེ་འབྲས་དོན་སྨིན་ཡོང་བར་བསམ་ཡུལ་འདས་པས་ཕན་པ་ཐོབ་ཡོད།
 བོད་ཀྱི་ལོང་ཡིག་གསར་རྩོམ་གྱི་ལོ་ངོ་ཉི་ཤུ་ལྷག་གི་བརྒྱུད་རིམ་ཁྲོད་དུ་བོད་ཀྱི་ན་གཞོན་ཤེས་ཡོན་པ་མང་པོའི་རོགས་རམ་དང་རྒྱབ་སྐྱོབ་ཐོབ་པས་འབྲས་བུ་གཡུར་དུ་ཟ་བ་ཐོབ་ཡོད། 
        བོད་ཀྱི་ལོང་ཡིག་གསར་རྩོམ་གནང་བ་དེས་མིག་གི་དབང་བོར་སྐྱོན་ཤོར་བའི་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གི་ཚེ་སྲོག་ལ་བཀྲག་མདངས་དང་གསོན་ཤུགས་བསྩལ་བ་ཡིན་པས། བསྐལ་པ་མ་འཇིག་བར་དུ་དགེ་བའི་ལྷག་བསམ་དཀར་པོ་གནས་པར་འགྱུར་རོ།།


                                                               གཞན་ཕན་གྱི་ལྷག་བསམ།
        མདུན་སྐྱོད་ཀྱི་བརྒྱུད་ལམ་རིང་མོར་དཀའ་བ་ཅི་འདྲ་ཆེ་ན་ཡང་།ཞུམ་མེད་སེམས་ཀྱི་ངར་ཤུགས་དེ་དུས་གཏན་དུ་ཡལ་བ་མེད་པ་ནི་ཅི་འདྲའི་ངོ་མཚར་བ་ཞིག་རེད་ཨང་།
        ཁོ་རང་དང་འདྲ་བའི་འཇིག་རྟེན་དཀར་ངོགས་མཐོང་ཐབས་བྲལ་བའི་བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གི་ལས་དབང་བསྒྱུར་ན།ངེས་པར་དུ་ཤེས་རིག་ལག་རྩལ་ཞིག་མ་ཤེས་ཐུ་མེད་དུ་གྱུར་ཡོད་སྟབས། ༢༠༡༥ལོའི་ཟླ༣པའི་ཚེས༢༦ཉིན།བོད་ཀྱི་ལོང་ཡིག་བཟོ་མཁན་ཏེ།མི་ལོ་དྲུག་ཅུ་ལྷག་ལ་སོན་པའི་ལོང་བ་མགོན་པོས་རྔ་བ་ཁུལ་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་སྤྱི་ཚོགས་ཐོག་གི་འབྲེལ་ཡོད་མི་སྣའི་རྒྱབ་སྐྱོར་འོག འབར་ཁམས་གྲོང་མཁར་ནས་བོད་ཀྱི་ལོང་ཡིག་དང་ཕུར་མཉེད་ནད་བཅོས་འཛིན་གྲྭའི་སློབ་ཁྲིད་ཀྱི་མགོ་དངོས་སུ་བརྩམས་པ་རེད།
        ད་ལོ་ཡང་སྔར་བཞིན་རྔ་བ་ཁུལ་གྱི་ས་ཁུལ་འགའ་ནས་ཡོང་བའི་བྱིས་པ་བཅུ་ཕྲག་ལྷག་ལ་རིན་མེད་ཀྱིས་ལག་རྩལ་སློབ་ཁྲིད་དང་རྒྱ་བོད་ཀྱི་ལོང་ཡིག་སློབ་ཁྲིད་ཀྱི་མགོ་བརྩམ་ཡོད། འབར་ཁམས་གྲོང་ཁྱེར་དབང་བོ་སྐྱོན་ཅན་པའི་ལྷན་ཚོགས་ཀྱིས་རོགས་སྐྱོར་འོག་བྱིས་པ་རྣམས་ལ་ཉལ་ཁང་དང་སློབ་ཁང་།ཟ་ཁང་སོགས་རིན་མི་དགོས་པར་བཀོད་སྒྲིག་བྱས་པ་དང་།ཁོས་ཀྱང་ཇ་མ་དང་སྒོ་སྲུང་སོགས་འཚོ་བའི་ཐད་ཀྱི་འགྲོ་གྲོན་ཚང་མ་ཕུད་ནས་བླ་ན་མེད་པའི་དྲང་ནུས་ཤིག་བཏོན་པ་ནི་བརྗོད་དཀའ་བ་ཞིག་རེད།  སློབ་ཁྲིད་ཀྱི་སྐབས་སུ་སློབ་མ་རྣམས་ཀྱི་དགའ་ཕྱོགས་དང་མོས་པ་སྐྱེད་པར་སྐབས་སྐབས་སུ་སྒྲ་སྙན་རྡུང་ལེན་ཁྲིད་བཞིན་ཡོད།  སྟབས་ལེགས་པ་ཞིག་ལ་ང་རང་སློབ་མ་རྣམས་ཀྱིས་སྒྲ་སྙན་རྡུང་བ་དང་གླུ་གཞས་ལེན་བཞིན་པའི་སྐབས་དེར་འཁེལ་བས། ཁོ་ཚོའི་བཅོས་མིན་གྱི་འཛུམ་མདངས་དང་སྙན་འཇེབས་ཀྱི་གླུ་སྐད་ཀྱིས་ངས་ཡིད་དབང་བརྟན་པ་ཅིག་ཅར་དུ་འཕྲོག་སོང་།
        འདི་ཡང་རང་དང་ལས་དབང་གཅིག་པའི་བོད་ཀྱི་གཞོན་སྐྱེས་ལོང་བ་རྣམས་ལ་མཚོན་ན་ཁྲ་ཆུང་མིག་གིས་མཐོང་ཐབས་བྲལ་ན་ཡང་སེམས་ཀྱི་ཞིང་ལ་ཉི་འོད་འཕྲོ་བའི་བསྐལ་པ་བཟང་པོ་ཞིག་འཆར་བ་ཡིན་པས།ཁོང་གི་བཀའ་དྲིན་ནི་སྟོང་གསུམ་གསེར་གྱིས་བཀང་ཡང་གཞལ་ཐབས་མེད་པ་ཞིག་རེད།དེ་ལྟར་ཡིད་ཀྱི་སྣང་ངོར་འོད་ཀྱི་ཀོང་བུ་ཆེན་པོ་ཞིག་ལམ་ལམ་འཕྲོ་བ་ནི་མ་འོངས་ལམ་ལ་བགྲོད་པའི་ལམ་རོགས་དང་འཇིག་རྟེན་འཚོ་བ་རོལ་བའི་རྒྱབ་རྟེན་དུ་གྱུར་པའི་མགོན་པོ་ཞེས་པའི་སོར་སྐྱེས་ཕལ་བ་དེ་ཡིན་ལ།མགོན་པོ་རང་དང་ལས་དབང་གཅིག་པའི་བྱིས་པ་དེ་དག་གིས་རེ་བའི་གཤོག་ཟུང་མཁའ་ལ་བརྐྱང་བའི་སྤོབས་སེམས་རྙེད་པར་མ་ཟད།  འཇིག་རྟེན་འདིར་སྤྲོ་སྣང་གིས་འཚོ་བ་རོལ་བར་ཡིད་ཆེས་ཀྱིས་ཁེངས་ཡོད།
        དེ་ལྟར་གཞན་ཕན་གྱི་ལྷག་བསམ་གཙང་མ་རྒྱུད་ལ་མངའ་བའི་བོད་ཀྱི་ལོང་ཡིག་གསར་གཏོད་པ་མགོན་པོ་ནི་བརྩོན་འགྲུས་ཀྱི་སེམས་ཤུགས་མ་ཉམས་ཤིང་གསར་གཏོད་ཀྱི་སྙིང་སྟོབས་མ་ཉམས་པར་འཇིག་རྟེན་གྱི་དཀར་ངོགས་མི་མཐོང་བའི་ལོང་བ་རྣམས་ཀྱི་དོན་གྱི་མགོན་པོ་མ་ཡིན་ནམ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1