འཐུས་མི་གཡུ་མཚོའི་གྲོས་གཞི།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-14


        

        སྐབས་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་བདམས་པ་ནས་བཟུང་ལོ་བཅུའི་རིང་ལ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་གཤག་བཅོས་སྡེ་ཁག་གི་ཀྲུའུ་རེན་གཡུ་མཚོ་དཀར་མཛེས་ཁུལ་གྱི་ས་གནས་ཡོངས་སུ་རྟོག་ཞིབ་གནང་དུ་ཕེབས་ཤིང་།  ས་བབ་མཐོ་པའི་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་བྱ་རྒྱུ་ནི་ཁོ་མོའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་གི་གྲོས་གཞིའི་གཙོ་གནད་དུ་གྱུར་བ་རེད།

         སྤྱི་ཟླ་3པའི་ཚེས་9ཉིན་ལ་གསར་འགོད་པས་གཡུ་མཚོར་བཅར་འདྲི་བྱེད་པའི་དུས་སུ།  གཡུ་མཚོས་དཀར་མཛེས་ཁུལ་གྱི་གསེར་ཤུལ་རྫོང་དང་ལི་ཐང་རྫོང་།  དེ་མིན་གསེར་རྟ་རྫོང་གི་མང་ཚོགས་རྣམས་ཀྱི་ཆ་སྙོམས་ཚེ་ཚད་ནི་62ལས་མེད་པས།  རྒན་རྒོན་མང་པོ་ཞིག་གིས་ཁ་གསབ་རོགས་དངུལ་བླངས་ནས་ལོ་གཉིས་ཙམ་མ་འགོར་བར་ཚེ་ལས་འདས་པའི་གནས་ཚུལ་མང་པོ་ཡོད་པ་རེད། དེ་བས་ངས་རྒྱལ་ཁབ་ལ་བོད་ཁུལ་གྱི་དངོས་ཡོད་ཀྱི་གནས་ཚུལ་དང་བསྟུན་ནས་དོན་དག་འདི་ལ་ཞིབ་དཔྱད་གནང་རོགས་ཞེས་པའི་རེ་འདུན་ཞུ་ཡོད་ཅེས་གསུང་།  
        2010ལོའི་སྐབས་དྲུག་པའི་རྒྱལ་ཡོངས་ཀྱི་མི་གྲངས་ཞིབ་བཤེར་གྱི་གནས་ཚུལ་ལྟར་ན། དཀར་མཛེས་ཁུལ་གྱི་མི་རེའི་ཆ་སྙོམས་ཀྱི་ཚེ་ཚད་ནི་72.1ཡིན་ལ།  གསེར་རྟ་དང་གསེར་ཤུལ།  དེ་མིན་ལི་ཐང་རྫོང་སོགས་ས་བབ་མཐོ་པའི་ས་གནས་སུ་འཚོ་གནས་པའི་མི་རྣམས་ཀྱི་ཆ་སྙོམས་ཀྱི་ཚེ་ཚད་ནི་62ལས་མེད།  རྒྱལ་ཁབ་ཀྱི་ཞིང་ལས་འགན་བཅོས་གསར་པའི་སྲིད་ཇུས་ཀྱི་བཀོད་སྒྲིག་ལྟར་ན།  འགན་ལེན་ལ་ཞུགས་པའི་མི་རྣམས་ལོ་60སོན་དུས་ད་གཟོད་རྒན་གསོའི་འཚོ་དངུལ་ལེན་ཆོག་པ་རེད།   དེ་བས་ས་བབ་མཐོ་པའི་རྒན་རྒོན་མང་པོ་ཞིག་གིས་ལོ་ངོ་གཉིས་ལ་མ་གཏོགས་རྒན་གསོའི་རོགས་དངུལ་ལེན་ཐུབ་བཞིན་མི་འདུག་པས་ས་བབ་མཐོ་བའི་རྒན་རྒོན་དག་ལ་མཚོན་ན་དེ་ནི་འདྲ་མཉམ་ཞིག་མ་རེད།
        གཡུ་མཚོས་གསར་འགོད་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་ལ་ས་བབ་མཐོ་སའི་ས་ཁུལ་དུ་རྟགས་དཔྱད་ཞིབ་འཇུག་བྱས་ཏེ་དེ་དང་འབྲེལ་བའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པ་དང་ས་བབ་མཐོ་བའི་ས་ཁུལ་གྱི་ཞིང་ལས་འགན་བཅོལ་གསར་པའི་ནང་གི་རྒན་གསོའི་རོགས་དངུལ་ལེན་ཆོག་པའི་ལོ་ཚོད་ཀྱི་ཆ་རྐྱེན་དེ་ད་ལྟའི་ལོ་60ནས་ལོ་55ལ་བསྒྱུར་བཅོས་བྱ་རྒྱུའི་གྲོས་གཞི་དང་རེ་འདུན་ཞུས་ཡོད་ཅེས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1