༄༅།། ཨ་མ་དང་ཁྱིམ།

སྒ·བཀྲ་ཤིས་རྡོ་རྗེ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-14


        བརྩེ་བའི་ཕྱག་ཟུང་གི་པད་མོ་རིང་དུ་བརྐྱངས་ནས་ཕུགས་ཀྱི་འདུན་མ་དེ་དགུན་གྱི་ཁ་བ་དང་དབྱར་གྱི་ཆར་ཆུས་གནོད་དུ་མ་བཅུག་ལ། སེམས་ཀྱི་འོ་མ་མཁའ་ལ་གཏོར་ནས་ཡིད་ཀྱི་རེ་བ་འོད་ཀྱི་ཚ་གདུང་དང་མེ་ཡི་དྲོད་ཀྱིས་སྐམ་དུ་མ་བཅུག འབྲལ་དུ་མེད་པའི་གསེར་ནག་གི་དུངས་བ་ཞིག་གིས་སྡུག་གི་རུ་མ་ཤུགས་ཀྱིས་བསྐྲད་ནས་སྐྱིད་ཀྱི་གཞི་མ་ས་ལ་འཛུགས་མཁན་དེ་ཁྱེད་ཡིན་ལ། འདོར་དུ་མེད་པའི་སྒལ་ཚིགས་དྲང་པོ་ཞིག་གིས་མིག་ཟུང་གི་ཟེགས་མ་ས་ལ་གཏོར་ནས་རེ་བའི་མྱུ་གུ་རེ་རེ་བཞིན་བསྐྱེད་པ་དེའང་ཁྱེད་ཉིད་མ་ཡིན་ནམ། ཨ་མ་ལགས། ན་སོ་བརྒྱད་ཅུའི་ལྟེབས་གཉེར་ཁྲོད་ན་སྐུ་ལུས་གསེར་གྱི་རི་རྒྱལ་ལྷུན་པོ་ལ་སྐྲ་ལོ་དཀར་འཇམ་ཁ་བ་འདྲ་བོ་དེ་བུ་ཆུང་གི་མ་འོངས་པའི་བདེ་སྡུག་དང་སྨོན་པ་ཁུར་བའི་ལམ་བྱང་མ་ཡིན་ནམ། རེད་ལགས། བྱིས་དུས་རྩེད་ར་ནས་རིགས་རྒྱུད་ཀྱི་ས་བོན་དཀར་པོ་བཏབ་པའི་ལོ་ཟླའི་རླབས་ཕྲེང་བར་ན་བརྗེད་དུ་མེད་པའི་འོད་ཟེར་ཞིིག་དང་བསུབ་ཏུ་མེད་པའི་རྗེས་ཤུལ་རེ་ན། སྔར་གྱི་མཚར་སྡུག་དང་གཟི་བརྗིད་གྲངས་མེད་ད་ལྟའང་ད་དུང་གྲགས་ཤིང་འབར་བཞིན་འདུག ཨ་མ་ནི་ནམ་ཡང་ཨ་མ་ཡིན་པས་ཉི་མའི་དཀྱིལ་འཁོར་ནས་འོད་ཀྱི་ཟེགས་མ་འཐུང་བའི་བྱིས་པ་དག་གི་མཛེས་སྡུག་དང་རེ་བཞག་ཡིན། རྨི་ལམ་དང་རེ་སྒུག་ཡིན།
        ཁྱིམ་གྱི་ཤ་དྲོད་དང་མེ་ལྕེ་ཡོད་ཚད་ཨ་མས་གནང་བ་ཡིན་ལ་དྲོད་ཀྱི་རྩ་བ་དང་སྐྱིད་ཀྱི་རྟིང་ཀ་ཡོད་ཚད་ཨ་མའི་རྔུལ་ཆུ་དང་མིག་ཆུ་མ་ཡིན་ནམ། ཁྱིམ་གཞིས་སུ་གྱུར་བའི་རྫིང་བུ་ཆུང་ཆུང་དེ་ནས་ཨ་མས་མར་ལོ་དང་རྩམ་པ་སྔས་སུ་བཞག་ནས་བྱ་མས་བྱེའུ་གསོ་བ་བཞིན་དུ་རིམ་གྱིས་གོམ་པ་སྤོས་པ་དེའང་གནམ་གྲུ་ལ་བསྡད་ནས་ཐག་རིང་དུ་འཕུར་བ་ལྟར་མ་ཡིན་ལ། ས་ལ་བསྡད་ནས་སྨོན་པ་གྲངས་མེད་རུམ་ལ་བསྡུས་རྗེས་གསོལ་བ་བཏབ་པ་དང་མི་འདྲ། ཁྱིམ་དུ་ཨ་མ་བཞུགས་ན་ཐབ་ཀྱི་ཆུ་ལ་རླངས་པ་འཐུལ་ཞིང་ཁང་པའི་ཚིགས་ན་འོད་མདངས་འཁྱུག་འདུག ཨ་མའི་འགྲམ་ན་ཡོད་དུས་རང་ཉིད་དེ་བྱིས་དུས་ཀྱི་འཚོ་བ་དང་རྩེད་འཇོ་གྲངས་མེད་ལ་གཡེང་འགྲོ། རེད་ལགས། ཨ་མ་ནི་ནམ་ཡང་འབྲལ་དུ་མེད་པའི་དགོས་འདོད་ཀུན་འབྱུང་དེ་ཡིན་ལ་ཙན་དན་དཀར་པོའི་ལོ་མ་དེའང་མ་ཡིན་ནམ། ཨ་མས་ཁྱིམ་གྱི་དྲོད་ཁོལ་ཡོད་ཚད་ཕྱི་ལ་མ་བསྐྲད་ལ་ཕྱི་ཡི་གྲང་ངར་ཡོད་ཚད་ནང་དུ་མ་བསྐྱིལ་བ་རེད། ཨ་མས་འཇིག་རྟེན་གྱི་འགྲོ་ལུགས་གཡོན་དུ་མ་བསྒྱུར་ལ་ཕྲག་དོག་གི་དུག་མདའ་ཡོད་ཚད་སེམས་ཀྱིས་བཀག་པ་རེད། ད་དུང་། འཇིག་རྟེན་དཀར་ནག་གི་མདུད་པ་ལྷོད་ཀྱིས་གྲོལ་ནས་དབུ་མའི་ལམ་སྣེ་ཞབས་ཀྱིས་བཅགས་པས། ད་གཟོད་འཇིག་རྟེན་དུ་འཇིག་རྟེན་མཐོང་ནས་རང་ཉིད་རང་ཉིད་དུ་སྒོམ་པ་རེད་ལགས། རེ་སྒུག་གི་ཕྱག་རྒྱ་གནམ་ལ་གཏད་ནས་མིག་ཟུང་གི་འོད་སྣང་ཁྱེད་ཕྱོགས་སུ་གྲོལ་ཡོད། ཨ་མ་ལགས། ཨ་མ་ལགས། ཨ་མ་ལགས།  


རྩོམ་ཡིག་སྔོན་མ།
༄༅།། སྟོན་ཁར་འཇུག་ཚུལ།
རྩོམ་ཡིག་རྗེས་མ།
༄༅།། ཁྱོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1