མཐོ་རིམ་སློབ་གྲྭའི་སློབ་བསྡུའི་ཐད་ཀྱི་སྒྲིག་སྲོལ་ལས་འགལ་བ་ཐག་གཅོད་བྱ་ཐབས་ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-11


སྤྱི་ཟླ་7པའི་ཚེས་9ཉིན་སློབ་གསོ་པུས་སྤྱིར་བཏང་མཐོ་རིམ་སློབ་གྲྭའི་སློབ་མ་བསྡུ་བའི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ཐག་གཅོད་བྱེད་པའི་གནས་སྐབས་ལག་བསྟར་བྱ་ཐབས་ཅེས་པ་ཁྱབ་བསྒྲགས་བྱས་ཡོད། ས་ཁུལ་དང་མཐོ་རིམ་སློབ་གྲྭ་རེ་གཉིས་ལ་རང་དགར་སློབ་མ་བསྡུ་བའི་མི་གྲངས་མང་དུ་བཏང་བ་དང་། དམིགས་བསལ་རྣམ་པའི་སློབ་མ་བསྡུ་སྐབས་ལྐོག་ཏུ་བཀོལ་སྤྱོད་བྱེད་པ། ཉེར་ཕྱོགས་གཡོ་ཟོལ་སོགས་ཀྱི་གནད་དོན་ལ་དམིགས་ནས། བྱ་ཐབས་ནང་སློབ་མ་བསྡུ་བའི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ཐག་གཅོད་བྱེད་པའི་བྱ་ཐབས་ཚད་ལྡན་བཟོས་པ་དང་། སློབ་མ་བསྡུ་བའི་སྒྲིག་ལམ་ལ་སྲུང་སྐྱོང་བྱས་པ། སློབ་མ་བསྡུ་རྒྱུ་གཞུང་དྲང་དང་དྲང་བདེན་ཡོང་རྒྱུར་འགན་སྲུང་བྱེད་པ་བཅས་གསལ་པོ་བཏོན་ཡོད། སློབ་གསོ་པུའི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། བྱ་ཐབས་དེ་མཐོ་རིམ་སློབ་གྲྭས་དངོས་གཞིའི་ཚན་ཁག་དང་ཆེད་ལས་ཚན་ཁག་གི་སློབ་མ་བསྡུ་རྒྱུར་སྤྱོད་ཆོག་གི་ཡོད་ལ། མཐོ་རིམ་འབྲིང་རིམ་སློབ་གྲྭའི་སློབ་མ་བསྡུ་རྒྱུར་ཡང་སྤྱོད་ཆོག་ཅིང་། ཞིབ་འཇུག་སློབ་མ་བསྡུ་བའི་འབྲེལ་ཡོད་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ཐག་གཅོད་བྱེད་པར་དཔྱད་གཞིར་འཛིན་ནས་བེད་སྤྱོད་བྱས་ཆོག་གི་ཡོད་པ་རེད།

སྒྲིག་སྲོལ་ལས་འགལ་བའི་གཙོ་གཟུགས་མི་འདྲ་བར་གཞིགས་ནས། བྱ་ཐབས་ནང་ཁག་སོ་སོར་དེ་མཚུངས་ཀྱི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་རིགས་དྲུག་གཏན་འབེབས་བྱས་ཡོད། མཐོ་རིམ་སློབ་གྲྭའི་སྒྲིག་སྲོལ་ལས་འགལ་བའི་རྣམ་པའི་ནང་། སྒྲིག་སྲོལ་ལས་འགལ་བའི་སྒོ་ནས་སློབ་མ་བསྡུ་བའི་སྒྲིག་ཡིག་མདོར་བསྡུས་ཁྱབ་བསྒྲགས་བྱེད་པ་དང་། སློབ་མ་བསྡུ་བའི་དྲིལ་བསྒྲགས་རྫུན་མ་བྱེད་པ། ཆ་འཕྲིན་ཡོངས་བསྒྲགས་མི་བྱེད་པ། འཆར་གཞི་ལྟར་སློབ་མ་མི་བསྡུ་བ། ཚད་གཞི་ལྟར་སློབ་མ་མི་བསྡུ་བ། ཡིག་རྒྱུགས་ནང་ཞུགས་མཁན་སློབ་མའི་ས་ནས་དངུལ་ལེན་པ་སོགས་ཚུད་ཡོད་པ་རེད།

མཐོ་རིམ་སློབ་འབྲིང་གི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ནང་འོས་སྦྱོར་དབང་ཆ་བེད་སྤྱོད་གང་བྱུང་བྱེད་པ་དང་། སྒྲིག་སྲོལ་ལས་འགལ་བའི་སྒོ་ནས་ཁྱབ་བསྒྲགས་བྱེད་པ། རྫུན་བཟོ་བྱས་པ། སྒྲིག་སྲོལ་ལས་འགལ་བའི་སྒོ་ནས་སློབ་ཁུངས་ཡིག་ཚགས་ཀྱི་འགྲོ་ལུགས་གཉེར་བ། སྒྲིག་སྲོལ་ལས་འགལ་བའི་སྒོ་ནས་སློབ་མར་བསམ་འདུན་རེའུ་མིག་ཐོ་འགོད་དུ་འཇུག་པ། རིན་ཡོད་འོས་སྦྱོར་སོགས་ཚུད་ཡོད་པ་རེད།

གོང་གསལ་གྱི་གཙོ་གཟུགས་ཀྱི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ཐད་གལ་ཏེ་ཉེས་པ་བསགས་ཡོད་ཚེ། ཁྲིམས་ལྟར་ཁྲིམས་འཛིན་ལས་ཁུངས་ལ་ཐག་གཅོད་བྱ་རྒྱུར་སྐྱེལ་རྒྱུ་ཡིན་པ་དང་། བྱ་ཐབས་ནང་། ཚན་པ་ཁག་གི་འགན་འཁུར་བ་གཙོ་བོ་ནི་འགན་ཁུར་བ་དང་པོ་དེ་ཡིན། སློབ་མ་བསྡུ་བའི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ཀྱིས་ཚབས་ཆེའི་མཇུག་འབྲས་དང་ཤུགས་རྐྱེན་ངན་པ་བཟོས་པར་ཐད་ཀའི་འགན་འཁུར་བའི་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཕུད། ད་དུང་ཏང་སྲིད་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་བྱེད་པའི་གཏན་འབེབས་གཞིར་བཟུང་། འགན་འཁྲི་རྩད་གཅོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། བྱ་ཐབས་ནང་། ཐག་གཅོད་གཏན་འབེབས་བློ་ལ་མི་འབབ་པའི་འབྲེལ་ཡོད་འགན་འཁུར་བ་དང་ཡིག་རྒྱུགས་ནང་ཞུགས་མཁན་སློབ་མས་རྒྱལ་ཁབ་ཀྱི་གཏན་འབེབས་གཞིར་བཟུང་བསྐྱར་ཞིབ་བྱེད་པའམ་ཡང་ན་དག་སེལ་ཞུ་གཏུག་བྱེད་ཆོག ཁྲིམས་ལུགས་ཁྲིམས་སྲོལ་གྱི་གྱོད་གཞིའི་ཁྱབ་ཁོངས་དང་འཚམས་པར་ཁྲིམས་ལྟར་སྲིད་འཛིན་བསྐྱར་ཞིབ་བམ་ཡང་ན་ཞུ་གཏུག་རྒྱག་ཆོག་གི་ཡོད་པ་རེད།  ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1