༄༅།།ནར་མ་སོན་པའི་མི་ལ་དྲ་ཐོག་ནས་བརྙས་བཅོས་དང་ངན་སྨྲས་བྱས་ན་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར།   སྤེལ་དུས། 03-15


        རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《ནར་མ་སོན་པའི་མིའི་དྲ་ཐོག་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག (ཞིབ་བཤེར་བྱེད་པར་སྤྲད་པའི་མ་ཡིག)》ལྟར་ན། ནར་མ་སོན་པའི་མི་ལ་དྲ་ཐོག་ནས་བརྙས་བཅོས་དང་ངན་སྨྲས་བྱས་ཏེ་ཉེས་པ་བསགས་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།
        ཞིབ་བཤེར་བྱེད་པར་སྤྲད་པའི་མ་ཡིག་ལས་བསྟན་དོན། རྩ་འཛུགས་དང་མི་སྒེར་སུ་ཞིག་ཡིན་རུང་དྲ་ཐོག་ནས་ཡི་གེ་དང་རི་མོ། བརྙན་ཕབ་སོགས་ལ་བརྟེན་ནས་ནར་མ་སོན་པའི་མི་ལ་འཇིགས་སྐུལ་དང་བརྙས་བཅོས། ངན་སྨྲས་བཅས་བྱས་ཏེ་གནོད་འཚེ་གཏོང་མི་ཆོག་ལ། ནར་མ་སོན་པའི་མིའི་ལྟ་སྐྱོང་པ་དང་སློབ་གྲྭ། གཞན་ད་རུང་རྩ་འཛུགས་དང་མི་སྒེར་གཞན་དག་གིས་ནར་མ་སོན་པའི་མི་ལ་དྲ་ཐོག་གི་བརྙས་བཅོས་ཐེབས་པ་ཤེས་ན། ངེས་པར་དུས་ལྟར་བྱེད་ཐབས་བཏོན་ནས་རོགས་སྐྱོར་བྱེད་དགོས་པ་དང་། དགོས་ངེས་ཀྱི་སྐབས་སུ་སྤྱི་བདེ་ལས་ཁུངས་དང་ཡང་ན་འབྲེལ་ཡོད་སྡེ་ཁག་ལ་གཏུག་ཆོག གཏུག་བཤེར་འབྱོར་བའི་ལས་ཁུངས་ཀྱིས་ཀྱང་དུས་ལྟར་བདག་སྤྲོད་བྱེད་དགོས།
        ཞིབ་བཤེར་བྱེད་པར་སྤྲད་པའི་མ་ཡིག་ལྟར་ན། སྲོལ་ཡིག་འདིའི་གཏན་འཁེལ་དང་འགལ་ཏེ། འཇིགས་སྐུལ་དང་མནར་གཅོད་གཏོང་བའི་ཁྲིམས་འགལ་བྱེད་ཐབས་སྤྱད་དེ་ནར་མ་སོན་པའི་མི་དྲ་རྒྱའི་དབྱིངས་ཞུགས་སླ་བའི་བྱ་འགུལ་ནང་ཞུགས་སུ་འཇུག་པ་དང་། ཡང་ན་དྲ་ཐོག་ནས་ནར་མ་སོན་པའི་མི་ལ་བརྙས་བཅོས་དང་ངན་སྨྲས་བྱས་ཏེ། བདེ་སྐྱོང་དོ་དམ་དང་འགལ་ཡོད་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་བྱེད་དགོས་པ་དང་། ཉེས་པ་བསགས་ཡོད་ན། ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་རེད།
        གཞི་གྲངས་ལས་མངོན་པ་ལྟར་ན། རང་རྒྱལ་གྱི་ན་གཞོན་དྲ་དམངས〔ལོ19མན〕ཀྱིས་ཕལ་ཆེར་དྲ་དམངས་ཡོངས་ཀྱི23%ཟིན་ཡོད་པ་དེ་དུང་ཕྱུར1.6རུ་སླེབས། 90.1%གི་ནར་མ་སོན་པའི་མིས་དྲ་འབྲེལ་བཀོལ་སྤྱོད་བྱེད་ཀྱིན་ཡོད་པས། རིམ་བཞིན་ནར་མ་སོན་པའི་མི་ནི་དྲ་དམངས་དཔུང་སྡེའི་གཙོ་ཤུགས་སུ་འགྱུར་ངེས་པས། དྲ་བའི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱིན་ཡོད།
        དེ་ལས་གཞན་ཞིབ་བཤེར་བྱེད་པར་སྤྲད་པའི་མ་ཡིག་ནང་དུ་ད་རུང་ནར་མ་སོན་པའི་མིའི་དྲ་ཐོག་གི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ནར་མ་སོན་པའི་མིའི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད་བྱེད་དགོས་ན། ངེས་པར་ནར་མ་སོན་པའི་མི་རང་ཉིད་དང་ཡང་ན་དེའི་ལྟ་སྐྱོང་པ་འཐད་པ་འབྱུང་དགོས་པ་གཏན་འཁེལ་བྱས་ཡོད་ལ། ནར་མ་སོན་པའི་མི་དང་དེའི་ལྟ་སྐྱོང་པར་དྲ་ཐོག་གི་ཆ་འཕྲིན་འདོན་སྤྲོད་བྱེད་མཁན་ལ་ནར་མ་སོན་པའི་མིའི་དྲ་ཐོག་གི་སྒེར་གྱི་ཆ་འཕྲིན་བསུབ་དགོས་པའི་རེ་བ་འདོན་རྒྱུའི་དབང་ཆ་ཡོད།
        ཞིབ་བཤེར་བྱེད་པར་སྤྲད་པའི་མ་ཡིག་གི་ནང་དུ་ད་རུང་དྲ་བ་བརྒྱུད་དེ་ནར་མ་སོན་པའི་མིའི་སྒེར་གྱི་ཆ་འཕྲིན་འཚོལ་སྡུད་དང་བཀོལ་སྤྱོད་བྱེད་སྐབས་ཀུན་གྱིས་མཐོང་སླ་བའི་གནས་སུ་གསལ་བརྡ་གང་ཡང་བཏང་མེད་པའམ་ནར་མ་སོན་པའི་མི་དང་དེའི་ལྟ་སྐྱོང་པ་འཐད་པ་བྱུང་མེད་པ། ཡང་ན་ནར་མ་སོན་པའི་མིའི་སྒེར་གྱི་ཆ་འཕྲིན་མི་བསུབ་པ་བཅས་ལ། རྒྱལ་ཁབ་སྦྲེལ་དྲ་ཆ་འཕྲིན་གཞུང་ལས་ཁང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཁག་གིས་འགན་འཁྲི་ལྟར་ཐ་ཚིག་སྒྲོག་ཆོག་པ་དང་། དུས་བཅད་ནང་བསྒྱུར་བཅོས་བྱེད་དུ་འཇུག་དགོས་པར་མ་ཟད། སྒོར་ཁྲི5མན་གྱི་ཆད་པ་བཅད་ཆོག གནས་ཚུལ་ཚབས་ཆེན་ཡིན་པའམ་བསྒྱུར་བཅོས་མི་བྱེད་པ་ཡིན་ན། སྒོར་ཁྲི5ཡན་དང་སྒོར་ཁྲི50མན་གྱི་ཆད་པ་བཅད་ཆོག་ཅིང་། གནས་སྐབས་སུ་འབྲེལ་ཡོད་ཞབས་ཞུ་མཚམས་འཇོག་ཏུ་འཇུག་པ་དང་ཡང་ན་ཞབས་ཞུ་མཚམས་འཇོག་ཏུ་འཇུག་ཆོག།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1