དཀར་མཛེས་ཁུལ་རྟའུ་རྫོང་གིས་མང་ཚོགས་འགྲོ་འོང་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱས།

ལྷ་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སྤེལ་དུས། 03-17


        ཉེ་ཆར། གསར་འགོད་པས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་2017ལོའི་ལས་ཀའི་གྲོས་ཚོགས་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་རྫོང་དེས་ཤང་དང་གྲོང་གསེབ་ཀྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ཁོངས་གཏོགས་ས་ཁུལ་གྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བཅོས་བསྒྱུར་དང་སྤུས་ཚད་མཐོ་རུ་གཏོང་བའི་ཨར་ལས་དེ་ལོ་འཁོར་གྱི་དམངས་འཚོའི་ལས་གྲྭ་གཙོ་བོར་འཛིན་པ་དང་། སྔོན་དཔག་བྱས་ན་སྤྱིའི་མ་དངུལ་སྒོར་དུང་ཕྱུར་10གཏོང་འཇོག་བྱས་ཏེ་གཞུང་ལམ་སྤྱི་ལེ་330འཛུགས་སྐྲུན་དང་བསྒྱུར་བཀོད་བྱ་རྒྱུ་རེད། 
        གྲོང་སྡེར་ཤར་གཏོང་ཐུབ་པའི་གཞུང་ལམ་ཨར་ལས་དེ་རྫོང་དེའི་ད་ལོའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་ཨར་ལས་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད། བསྡོམས་པས་གཞུང་ལམ་སྤྱི་ལེ་150བསྐྲུན་རྒྱུའི་འཆར་གཞི་ཡོད། དེའི་ནང་དབུལ་ཐར་གྲོང་སྡེ་7གྱི་གྲོང་སྡེར་ཤར་གཏོང་ཐུབ་པའི་གཞུང་ལམ་གསར་པ་དང་དབུལ་ཐར་གྲོང་སྡེ་17གྱི་སྲ་འགྱུར་གཞུང་ལམ་གྱི་ཨར་ལས་འདུས་ཤིང་སྤྱིའི་མ་དངུལ་སྒོར་དུང་ཕྱུར་1.0875གཏོང་བའི་འཆར་གཞི་ཡོད་པ་རེད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བསྒྱུར་བཀོད་དང་སྤུས་ཚད་ཇེ་མཐོར་གཏོང་བ་ནི་རྫོང་དེའི་ད་ལོའི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མ་དངུལ་འཇོག་ས་གཙོ་བོ་རེད། སྤྱིའི་མ་དངུལ་སྒོར་དུང་ཕྱུར་8.527981བཏང་ནས་རྟའུ་རྫོང་ཁོངས་གཏོགས་ཀྱི་གཞུང་ལམ་སྤྱི་ལེ་94.523གྱི་བསྒྱུར་བཀོད་ཨར་ལས་དང་རྒྱལ་སྲུང་གཞུང་ལམ་248པའི་ལམ་ཐིག་དང་350པའི་ལམ་ཐིག་དཔལ་སྨད་ས་མཚམས་སུ་བརྒལ་བའི་གཞུང་ལམ་སྤྱི་ལེ་7.08འཛུགས་སྐྲུན་བྱ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1