༄༅།། དྲེད་མོང་།

རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 03-17


        དྲེད་མོང་གི་གཟུགས་པོའི་རིང་ཚད་ལ་སྨི་1.5ནས་སྨི་2.8དང་སོག་མགོའི་མཐོ་ཚད་ལ་སྨི་0.9ནས་སྨི་1.5ཡོད་པ་དང་ཕོ་ཞིག་གི་ལྗིད་ཚད་ལ་སྤྱི་རྒྱ་250ནས་སྤྱི་རྒྱ་545ཡོད་ཅིང་ཆེས་ལྕི་བ་ཏུན་གཅིག་ལོངས་པའང་ཡོད། མོ་ཞིག་གི་ལྗིད་ཚད་ལ་སྤྱི་རྒྱ་80ནས་སྤྱི་རྒྱ་250ཡོད། ཡར་ལངས་ཚེ་མཐོ་ཚད་སྨི་3ཡོད། ལུངས་བོངས་ཆེ་ཞིང་སོག་མགོ་དང་གཉའ་ལྟག་གི་ཤ་གནད་འབུར་ནས་ཡོད། སྤུ་རྫུབ་ཅིང་མཐུག་ལ་དགུན་དུས་ལི་སྨི་10ཙམ་ཡོད། ཁ་དོག་ལ་སེར་པོ་དང་ཁམ་ནག་སོགས་ཡོད་པ་ཡིན། དྲེད་མོང་གི་སྣ་ཤེས་ཤིན་ཏུ་སྐྱེན་པོ་ཡོད་ཅིང་ཤ་ཁྱིའི་སྣ་ཤེས་ལས་ལྡབ་དགུ་ཡིན་པ་དང་མིག་ཤེས་ཀྱང་ཤིན་ཏུ་རྣོན་པོ་ཡིན། དྲེད་མོང་ལ་ཤེད་མོང་ཧ་ཅང་ཆེ་ལ་སྤྱི་རྒྱ་800ཡོད་པའི་རྡོ་རྒན་ཡིན་ཡང་འདེགས་ཐུབ། ལག་པའི་སྡེར་མོ་ཆེས་རིང་བ་ལ་ལི་སྨི་20ཡོད་ཅིང་བྱི་ལའི་སྡེར་མོ་ནང་བཞིན་ཕྱིར་ནང་ལ་སྐུམ་མི་ཐུབ་པས་སྡེར་མགོ་ཅུང་རྡོ་རྡོ་ཡིན། དྲེད་མོང་ལ་སྡེར་མོ་དེ་འདྲའི་རིང་པོ་ཞིག་ཡོད་ནའང་དེ་ཉིད་སྡོང་མགོ་འགོ་བར་མི་མཁས། རྣ་ཅོག་ནི་ཆེ་ཆེར་སྣང་བའི་མགོ་བོ་དང་ཆ་མི་འགྲིག་པ་ལྟར་ཆུང་ཆུང་ཞིག་ལས་མེད་པས་དགུན་དུས་སྤུ་རིང་པོ་སྐྱེས་པ་ན་སྤུ་གསེང་ནས་རེ་འགར་མཐོང་ལ་རེ་འགར་མི་མཐོང་།  དྲེད་མོང་གི་མཆུ་ཏོའི་ཞེང་ཆེ་ལ་མཆེ་བ་གཉིས་ཐེ་ན་སོ་སུམ་ཅུ་སོ་བརྒྱད་ཡོད། 

 

        དྲེད་མོང་ནི་འཚོ་སྡོད་ནུས་པ་མཐོ་བའི་སྲོག་ཆགས་ཤིག་ཡིན་ཏེ། མཐའ་འཁོབ་ཀྱི་བྱེ་ཐང་ནས་རི་མཐོ་བའི་ནགས་ཁྲོད། ཐ་ན་འཁྱག་དར་གྱིས་གཡོགས་པའི་ཡུལ་སོགས་སུའང་འཚོ་བ་རོལ་ཐུབ་པ་ཡིན། དྲེད་མོང་གི་ཁ་ཟས་ནི་དུས་ཚིགས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་གྱིན་ཡོད་ཅིང་རྩི་ཤིང་གི་རིགས་ཀྱི་ཟ་མས་དྲེད་མོང་གི་ཟ་མ་ཡི་བརྒྱ་ཆའི་དྲུག་ཅུ་ཟིན་ཡོད་དེ། དཔེར་ན་རྩི་ཤིང་གི་རྩ་བ་དང་རྩྭའི་རིགས་སུ་གྱུར་པ། གཞན་ཡང་འབྲུ་རིགས་དང་ཤིང་འབྲས་སོགས་ཡིན་ལ་དེའི་འཕྲོའི་ཟ་མ་ནི་འབུ་སྲིན་དང་རྨིག་ཅན་སྲོག་ཆགས་ཤྭ་བོའི་རིགས་དང་ཕག་རྒོད། ཉ་དང་སྲོག་ཆགས་ཤི་བའི་རོ་སོགས་ཡིན། 

        དྲེད་མོང་གིས་ཆུ་ལ་རྐྱལ་ཤེས་པ་དང་བཞུར་ཆུའི་ཁྲོད་ནས་ཉ་མོ་འཛིན་ཐུབ། ལམ་ནས་འགྲོ་ཚེ་ཡ་ཡོ་ངང་ནས་དལ་བུར་འགྲོ་མོད་གལ་ཏེ་བརྔོན་དངོས་སོགས་མཐོང་ནས་རྒྱུགས་དགོས་ཚེ་མགྱོགས་པོར་བསྐྱོད་ཐུབ། དྲེད་མོང་གིས་ཐོ་རེངས་དང་ས་སྲོད་ཀྱི་དུས་སུ་ཟས་འཚོལ་བ་དང་ཉིན་དཀར་ངལ་གསོ་བ་ཡིན། ཚང་ལ་འགྲོ་བ་དང་དྲེད་ཕྲུག་སྐྱོང་བའི་སྐབས་མ་གཏོགས་ཁེར་རྐྱང་གིས་འགུལ་སྐྱོད་བྱེད་པ་ཡིན། དྲེད་མོང་རེ་རེར་རང་ཉིད་ཀྱི་ངེས་གཏན་གྱི་མངའ་ཁོངས་རེ་ཡོད། དྲེད་མོང་ནི་དགུན་ཉལ་བྱེད་པའི་སྲོག་ཆགས་ཀྱི་རིགས་ཡིན་ཏེ་ཕལ་ཆེར་ཟླ་བཅུ་བའི་ཟླ་སྨད་དམ་ཟླ་བཅུ་གཅིག་པའི་ཟླ་མགོ་ནས་མགོ་བརྩམས་ཤིང་ཕྱི་ལོའི་ཟླ་བ་གསུམ་པ་བཞི་བའི་བར་ཡིན། དྲེད་མོང་ཚང་ལ་འགྲོ་བའི་དུས་སྐབས་ནི་ཟླ་ལྔ་བ་ནས་དྲུག་པའི་ནང་ཡིན་པ་དང་མངལ་སྦྲུམ་ཡུན་ནི་ཟླ་བ་བདུན་ནས་བརྒྱད་ཡིན། བཙའ་ཐེངས་གཅིག་ལ་དྲེད་ཕྲུག་གཅིག་དང་གཉིས་བཙའ་བ་ཡིན་མོད་མཚམས་ལན་རེར་གསུམ་དང་བཞི་རེ་བཙའ་བའང་མཐོང་ཐུབ། ང་ཚོ་བོད་ཀྱི་བྱིས་སྒྲུང་དང་རྩོམ་རིག་སོགས་སུ་དྲེད་མོང་གི་སྣང་བརྙན་མང་དུ་མཐོང་རྒྱུ་ཡོད་དེ་དཔེར་ན་ཨ་ཁུ་རི་བོང་དང་ཨ་མ་དྲེད་མོང་གི་གཏམ་རྒྱུད་ལྟ་བུའོ། །

        དྲེད་མོང་གི་ལྤགས་པ་ནི་པགས་རིགས་རྩ་ཆེན་ཡིན་པ་དང་དྲེད་མཁྲིས་ནི་སྨན་སྣ་གལ་ཆེན་ཡིན་པ། དྲེད་མོང་གི་སྤར་ཁྱིམ་གོང་ཆེན་ཡིན་པས་དཔལ་འབྱོར་གྱི་རིན་ཐང་ངེས་ཅན་ལྡན་པ་ཡིན། དེ་བས་འགྲོ་བ་མི་རྣམས་ཀྱིས་དྲེད་མོང་གསོད་དྲགས་པས་ད་ལྟ་མདོ་དབུས་མཐོ་སྒང་ན་དྲེད་མོང་ཆིག་ཁྲི་ཡས་མས་ལས་མེད་པས་སྲུང་སྐྱོབ་ཀྱི་དོན་སྙིང་ངེས་ཅན་ཡོད་པ་དང་དྲེད་མོང་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་གཏོགས་པ་ཡིན། །   

        སྐལ་བཟང་ནོར་བུ་དང་སྐལ་བཟང་རིན་ཆེན་གྱིས་བསྒྲིགས་པའི་《མདོ་དབུས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་རིས་འགྲེལ།》ལས་བཤུས།     


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1