ཧུང་ཡོན་རོང་ཐ་དགོན་པས་གེ་སར་སྒྲུང་ལས་གཡུ་འོད་འབུམ་མེ་འཁྲབ།

ཚེ་དཔག་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21


      ཉེ་ལམ།  གླིང་གི་དཔའ་ཐུལ་སུམ་ཅུས་ལུས་ལ་གོས་ཁྲབ་གྱོན་ལ་ལག་ཏུ་མདའ་གཞུ་ཐོགས་པ་དང་དོལ་གྱི་བདུད་དམག་དག་གི་བལྟས་ན་སྐྲག་སྣང་སྟེར་བའི་གདོང་གི་ཉམས་འགྱུར་དང་ཉན་ན་སྙིང་རྩ་འདར་བའི་གོམ་འགྲོས་བརྗིད་ལྷང་ངེར་བསྒྱུར་བ་ན། ཁྱོད་ཤི་ང་གསོན་གྱི་གཡུལ་འགྱེད་ཆེན་པོ་ཞིག་ལ་ཞུགས་བཞིན་པའི་སྣང་བ་སྟེར་ལ། རྒྱ་ཆེའི་ལྟད་མོ་བའི་ཀི་བསོ་ལྷ་རྒྱལ་ལོ་ཞེས་པའི་ཀི་སྒྲ་ཆེན་པོ་དེ་ལས་རང་བཞིན་ངང་དོལ་གླིང་གཡུལ་འགྱེད་ཀྱི་གཡུལ་ས་ཆེན་པོ་ཞིག་ཏུ་ཐོན་ཡོད་པའི་ཚོར་བ་སྟེར་ཐུབ། དེ་ནི་ཧུང་ཡོན་རྫོང་རོང་ཐ་དགོན་པས་གེ་སྒྲུང་ལས་འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་བརྗོད་འཁྲབ་སྟོན་བྱེད་པའི་ཡུལ་དངོས་རེད། 
     
    རོང་ཐ་དགོན་པར་གྲྭ་བ་ཉིས་བརྒྱ་ལྷག་ཡོད་ལ། འཁྲབ་སྟོན་དུ་ཞུགས་པའི་གྲྭ་བ་དོན་གཉིས་ཡོད་ལ། གླིང་གི་དཔའ་རྟུལ་སུམ་ཅུ་དང་མ་སྲུ་མོ་སྨན་བཞི། བྲོ་མཁན་གྲྭ་བ་ཆུང་ཆུང་ཉེར་གཉིས། དོལ་གྱི་བདུད་རྒྱལ་དགའ་རབ་དབང་ཕྱུག་སོགས་བདུད་ཀྱི་རྒྱལ་བློན་བཅུ་དྲུག་སོགས་ཀྱི་འཁྲབ་སྟོན་པ་རེད།
 དགོན་པའི་འབྲེལ་ཡོད་མི་སྣས་ངོ་སྤྲད་པ་ལྟར་ན། ཉེ་བའི་ལོ་འགའི་རིང་རྒྱུ་རྐྱེན་མང་པོའི་དབང་གིས་རྟོགས་བརྗོད་ཟློས་གར་འདི་མུ་མཐུད་ལོ་རེ་རེ་བཞིན་འཁྲབ་སྟོན་བྱེད་རྒྱུ་མ་བྱུང་ལ། གེ་སར་རྒྱལ་པོའི་སྒྲུང་ལས་འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་བརྗོད་ཁོ་ན་ལས་འཁྲབ་ཁག་གཞན་པའང་འཁྲབ་སྟོན་བྱེད་རྒྱུ་མ་བྱུང་མོད། ད་ལོ་ནས་བཟུང་མུ་མཐུད་ལོ་རེ་བཞིན་འཁྲབ་སྟོན་བྱེད་རྩིས་ཡོད་པར་མ་ཟད་གེ་སར་རྒྱལ་པོའི་སྒྲུང་ལས་འཁྲབ་ཁག་གཞན་པ་གསར་དུ་འཁྲབ་སྟོན་བྱེད་རྩིས་ཡོད། 
     གེ་སར་རྒྱལ་པོའི་སྒྲུང་ལས་འདན་སྲས་ཆུང་གཡུ་འོད་འབུམ་མེའི་རྟོགས་བརྗོད་ཀྱི་ནང་དོན་མདོར་བསྡུས་ཙམ་བརྗོད་ན་འདི་ལྟ་སྟེ། སྟེང་མ་ལྷ་ཡི་ཞིང་ཁམས་ནས།། སློབ་དཔོན་པད་མ་འབྱུང་གནས་ཀྱིས།། འདན་སྲས་གཡུ་འོད་འབུམ་མེ་ལ།། མངོན་མཁྱེན་བཀའ་ཡིས་ལུང་བསྟན་ཐོབ།། འདན་སྲས་གཡུ་འོད་འབུམ་མེ་ཡིས།། ལྷ་བུ་བྱ་མ་རྟ་མངགས་ནས།། ཁྲ་མོ་གླིང་གི་ཡུལ་ཁམས་ལ།། གླིང་དམག་བསྡུ་བའི་འཕྲིན་པ་བཏང་།། གླིང་ཡུལ་མཐོང་བ་ཀུན་སྨོན་ནས།། གཡུ་འོད་འབུམ་མེས་དམག་བཀོད་བཞག། ཚེ་ཟད་དོལ་གྱི་བདུད་སྡེའི་དམག། གཅིག་ཀྱང་མ་ལུས་གླིང་གིས་འདུལ།། སྐུ་རྗེ་སེང་ཆེན་རྒྱལ་པོ་ཁོང་།། ཁྲ་མོ་གླིང་གི་ཡུལ་ལ་ཕེབས།། འདན་སྲས་གཡུ་འོད་འབུམ་མེའི་གཙོའི།། དཔའ་ཐལ་ཡོངས་ལ་བྱ་དགའ་གནང་།། ནག་པོ་དོལ་གྱི་ཡུལ་ཁམས་ལ།། དཀར་པོ་གླིང་གིས་ས་འདུལ་མཛད།། རྫོགས་ལྡན་རྟེན་འབྲེལ་འགྲིག་པ་དང་།། སངས་རྒྱས་བསྟན་པ་དར་ཕྱིར་དང་།། སེམས་ཅན་བདེ་དང་ལྡན་པའི་ཕྱིར།། ཁྱད་པར་དབུ་ནག་བོད་ཀྱི་སླད།། གླིང་བྲོ་བདེ་ཆེན་རོལ་མོ་དེ།། དགེ་ལེགས་འབྱུང་བའི་བྲོ་གར་འཁྲབ།།
        ཐེངས་འདིའི་འཁྲབ་སྟོན་དུ་ཕྱོགས་སོ་སོ་ནས་ལྟད་མོ་བ་མང་པོ་འབྱོར་ཡོད། ས་དེ་གའི་ཡུལ་མི་ལྟད་མོ་བ་མང་པོས་རེ་སྒུག་གི་ལོ་ཟླ་མང་བོ་ངང་གིས་བསྐྱལ་ནས་ཉིན་འདིར་ཐོན་དུས། མཚན་མོའི་གཉིད་དང་ཉིན་མོའི་ཟས་ཀྱང་བརྗེད་བཞིན་ཡོད། ལྟད་མོ་བ་རྒན་པ་ཨ་ནེ་སྒྲོལ་མ་ནི་དེ་དག་དཔེ་མཚོན་ཅིག་ཡིན་ཏེ།  ཚེས་15ཉིན་གྱི་ཞོགས་པའི་དུས་ཚོད་བདུན་པར་ང་རང་མལ་ལངས་ནས་དགོན་པའི་འཁྲབ་སྟོན་ར་བ་རུ་སོང་བ་ན། ཁ་བ་མར་མར་འབབ་བཞིན་ཡོད་ལ། མཐོང་ལམ་ཡང་བསྒྲིབས་ནས་མི་གསལ་རུང་། འཁྲབ་ར་ནང་དུ་མི་མང་པོ་ཉལ་འདུག  ཕར་ཉེ་སར་གཅར་བ་ན་ཨ་ནེ་སྒྲོལ་མ་དལ་མོར་མལ་ལས་ལངས་བཞིན་ཡོད། ངས་དེ་མ་ཐག་ཨ་ནེ་ཁྱོད་མདང་ནུབ་འདིར་ཉལ་བ་ཡིན་ནམ་ཞེས་དྲིས། མོས་ང་འདིར་ཉལ་བ་ཡིན།  དགོན་པའི་གེ་སར་ཟློས་གར་འཁྲབ་སྟོན་བྱེད་དུས་ང་རྒྱུན་དུ་འདིར་ཉལ་བ་ཡིན། འདིར་མ་ཉལ་ན་ལྟད་མོ་བ་མང་བས་བལྟ་ས་བདེ་མོ་ཞིག་མ་ལོན་ན་ཡག་པོ་མཐོང་མི་ཐུབ་ཅེས་བཤད་བྱུང་། ལོ་ན་དྲུག་ཅུ་ལས་བརྒལ་བའི་ཨ་མ་རྒན་མོ་དེ་ཁ་བ་བུ་ཡུག་དང་གྲང་ངར་ལ་མ་འཛེམ་པར་ཕྱི་ནས་ཉལ་བ་རེད། དེ་ལས་གེ་སར་རིག་གནས་ནི་ཡུལ་མི་མང་ཚོགས་ཚོའི་འཚོ་བའི་བཅུད་དང་ཡིད་ཀྱི་རྟེན་དུ་གྱུར་ཡོད་པ་ཤེས་ཐུབ།།




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1