ཉག་ཆུ་རྫོང་གིས་ཞིང་པས་བློ་བདེའི་ཞིང་སྤྱོད་དངོས་རྫས་བཀོལ་སྤྱོད་བྱེད་པར་འགན་ལེན་བྱས།

འཇམ་དབྱངས་དཔལ་ལྡན་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-21


        ལོ་རེ་ཐེངས་རེའི་དཔྱིད་རྨོས་ཐོན་སྐྱེད་ཀྱི་དུས་ལ་སླེབས་དུས། ཞིང་སྤྱོད་དངོས་རྫས་ཁྲོམ་རའི་དོ་དམ་ལས་དོན་ཏན་ཏིག་བསྒྲུབ་པ་དང་དེ་ལས་ལྷག་པའི་སྒོ་ནས་ཞིང་པའི་ཁེ་ཕན་ལ་སྲུང་འཛིན་དང་ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཚད་ཉེན་མེད་ཡིད་རྟོན་རུང་བར་འགན་ལེན་ཏན་ཏིག་བྱ་ཆེད། སྤྱི་ཟླ2པའི་ཚེས22ཉིན། ཉག་ཆུ་རྫོང་ཞིང་འབྲོག་ཚན་རྩལ་ཅུས་དང་བཟོ་ཚོང་ཁྲིམས་འཛིན་མི་སྣ། ཞིང་ལས་སྲིད་འཛིན་ཁྲིམས་འཛིན་མི་སྣ་བཅས་ཀྱིས་མཉམ་འབྲེལ་བྱས་ནས་ཞིབ་དཔྱད་ཚོ་ཆུང་བཙུགས་ཏེ་ས་བོན་གཙོ་བོར་འཛིན་པའི་དཔྱིད་དུས་ཀྱི་ཞིང་སྤྱོད་དངོས་རྫས་རྫུན་མ་མེད་པར་བཟོ་བའི་བྱེད་སྒོ་སྤེལ་བ་རེད། 
        ཐེངས་འདིའི་ཞིབ་དཔྱད་ནང་ཁྲིམས་འཛིན་མི་སྣ5ཞུགས་བ་རེད། ཡུལ་དངོས་སུ་ཞིབ་དཔྱད་དང་དྲིལ་བསྒྲགས་ཡིག་ཆ་བཀྲམ་པ་སོགས་ཀྱི་བྱེད་སྟངས་སྤྱད་ནས་རྫོང་ཁུལ་གྱི་ཞིང་ལས་ཉོ་ཚོང་ཁྲོམ་ར་དང་རྫོང་ཁུལ་ཞིང་སྤྱོད་དངོས་རྫས་ཚོང་ཁང་ཆུང་ཆུང་། རྫོང་ས་བོན་དོ་དམ་ས་ཚུགས་སོགས་ཚོང་ཁང35ཡི་ཞིང་སྤྱོད་དངོས་རྫས་ལ་ཞིབ་དཔྱད་བྱས་པ་དང་དྲིལ་བསྒྲགས་ཡིག་ཆ30ལྷག་བཀྲམ་པ་རེད། ཞིབ་དཔྱད་ཁྲོད་ཞིབ་རྩད་ཆོད་པའི་ཚོང་ཁང་ཆུང་ཆུང་གཉིས་ཀྱིས་ལག་ཁྱེར་མེད་ནས་སྔོ་ཚལ་ས་བོན་འཚོང་བའི་ཁྲིམས་འགལ་བྱ་སྤྱོད་ལ་དག་ཐེར་དང་ལེགས་བཅོས་བྱས། ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་སྔོ་ཚལ་ས་བོན་ཁུག་མ14གཞུང་བཞེས་གཏོང་བར་མ་ཟད་གོ་སྐོན་སློབ་གསོ་བཏང་།
        མིག་སྔར་རྫོང་ཡོངས་ཀྱི་ཞིང་ལས་ཉོ་ཚོང་ཁྲོམ་རའི་སྒྲིག་ལམ་ཡག་ཅིང་ཞིང་སྤྱོད་དངོས་རྫས་གྲ་སྒྲིག་འབེལ་པོ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཚད་ཉེན་མེད་དང་ཞིང་པས་བློ་བདེ་ངང་ཞིང་སྤྱོད་དངོས་རྫས་བཀོལ་སྤྱོད་བྱས་པ་ལ་འགན་ལེན་ཏན་ཏིག་བྱ་ཆེད། རྫོང་ཞིང་འབྲོག་ས་བོན་ས་ཚུགས་ཀྱིས་གཅིག་སྡུད་སྒོས་ཞིང་སྤྱོད་དངོས་རྫས་གཏོང་འདྲེན་དང་ཉོ་ཚོང་བྱས་པར་མ་ཟད། ད་དུང་རྫོང་ནོར་སྲིད་ཀྱིས་ཞིང་ལས་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི30བཀོད་སྒྲིག་བྱས་ཏེ་ཞིང་སྤྱོད་དངོས་རྫས་ཀྱི་ཁ་གསབ་ཏུ་སྤྲད་པ་རེད། བསྡོམས་རྩིས་བྱས་པ་ལྟར་ན་རྫོང་དེའི་ལུད་རྫས་དང་ས་བོན། འགྱིག་ཤོག་སོགས་ཞིང་སྤྱོད་དངོས་རྫས་ཁྱོན་བསྡོམས་ཏུན237.72གཏོང་འདྲེན་བྱས་པར་མ་ཟད་ཞོག་ཁོག་ས་བོན་ཏུན1200དང་ནས་ཀྱི་ས་བོན་ཏུན400གཏོང་འདྲེན་བྱས་ནས་ཞིང་པའི་ཞིང་སྤྱོད་དངོས་རྫས་ཀྱི་དགོས་མཁོ་བསྐངས་པ་རེད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1