ཆང་བ་ལིའི་མེ་ཏོག་གི་ཞིང་ཁམས་སུ་སྐུ་ཉིད་ཕེབས་དང་།

གསར་འགོད་པ་བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 03-24


སིལ་འཇམ་དཔྱིད་རླུང་དང་འགྲོགས་ནས་ང་ཚོ་ཤར་རྒྱལ་མོ་ཚ་བ་རོང་གི་ཆུ་ཆེན་གྱི་ཆང་བ་ལིའི་མེ་ཏོག་གི་ལྗོངས་ཁུལ་ལ་ལྟད་མོར་ཕྱིན། ནང་ལོགས་ནས་ཕེབས་པའི་ལྗོངས་སྐོར་བ་དང་སྐུ་མགྲོན། འཕྲིན་སྦྱོར་བ་རྣམས་ཀྱིས་སྔ་མོ་ནས་པར་ཆས་འཁུར་ཏེ་མིག་དུན་གྱི་མཛེས་ལྗོངས་དག་པར་དུ་ལེན་བཞིན་འདུག


ཟླ་གསུམ་པའི་ཚེས་21ཉིནཆུ་ཆེན་རྫོང་གསལ་ཡུལ་ཚོའི་སྤྲོ་གསེང་གླིང་ནས་སི་ཁྲོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་ཞིང་སྡེའི་རིག་གནས་ལྗོངས་སྐོར་དུས་སྟོན་གྱི་དཔྱིད་ཀའི་ཡན་ལག་ཚོགས་རའི་2017ལོའི་ཆུ་ཆེན་གྱི་ཆང་བ་ལིའི་མེ་ཏོག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྤེལ། ཐེངས་འདིའི་བྱ་འགུལ་ནི་སི་ཁྲོན་ཞིང་ཆེན་ལྗོངས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུུབ་བྱས་ཤིང་། ཆུ་ཆེན་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་བྱས། འགོ་ཚུགས་མཛད་སྒོར་སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་ལྷན་ཚོགས་ཀྱི་ཚོགས་གཙོ་ཨ་ལེགས་དང་ཁུལ་དམངས་འཐུས་ཀྱི་ཀྲུའུ་རེན་ཀུའུ་ཡན་ལུང་། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་དབྱང་ཞིནསོགས་ཞུགས་ཡོད། ཚོགས་ཡུན་ཉིན་གསུམ་ཡིན།

ཆང་བ་ལིའི་མེ་ཏོག་ལ་གཟིགས་རོལ་གྱི་དུས་ཚོད་ནི་ཟླ་གསུམ་པའི་ཚེས་21ཉིན་ནས་ཟླ་4བའི་ཚེས་10ཉིན་བར་རེད། མེ་ཏོག་ལ་གཟིགས་རོལ་བྱ་ཡུལ་གཙོ་བོ་ནི་ཆུ་ཆེན་རྫོང་ཁོངས་ཀྱི་བ་ལིའི་མེ་ཏོག་གི་ལྗོངས་ཁུལ་ཁག་ཏེ་གསལ་ཡུལ་ཚོ་དང་གོར་ཡུལ་ཚོ། ཆིན་ལིན་ཡུལ་ཚོ། ཝན་ལིན་ཡུལ་ཚོ། ཧོ་ཏུང་ཡུལ་ཚོ། ཧོ་ཞི་ཡུལ་ཚོ། མར་སྤང་ཡུལ་ཚོ། ཨན་ཉིང་ཡུལ་ཚོ།  མ་ནའེ་ཡུལ་ཚོ་སོགས་ཡིན།


ཐེངས་འདིའི་མེ་ཏོག་དུས་ཆེན་གྱིས་ངོ་མཚར་གྱི་མཐོ་སྒང་ནས་ཤར་གྱི་བུད་མེད་རྒྱལ་ཁབ་འཚོལ་བ་དང་། མཛེས་སྡུག་གི་ཆུ་ཆེན་ནས་ཆང་བ་ལིའི་མེ་ཏོག་ལ་གཟིགས་རོལ་གྱི་ལྗོངས་སྐོར་བརྗོད་དོན་འབུར་དུ་བཏོན་ཏེ་ཆུ་ཆེན་རྫོང་གི་ས་མཐོའི་ཞིང་ར་ཡི་གཟི་ཉམས་དང་། ཀྲུང་གོའི་མཛེས་ཤིང་སྡུག་པའི་ཞིང་སྡེ་ཡི་ཐུན་མིན་ཁྱད་ཆོས་རྣམ་པར་མངོན་ཡོད་ལ། ཞིང་སྡེ་དང་ཡུལ་སྐོར་ཟུང་འབྲེལ་དང་རིག་གནས་དང་ཡུལ་སྐོར་མཉམ་འགུལ། ལས་རིགས་དང་ཡུལ་སྐོར་ཕན་ཚུན་མཉམ་འདྲེས་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་སྟངས་གསར་བར་སྐུལ་འདེད་བཏང་།

ཆུ་ཆེན་རྫོང་ནི་རང་ཁུལ་གྱི་ལྷོ་ནུབ་ཕྱོགས་ཏེ་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་ཀྱི་མཐའ་མཚམས་ཁུལ་དུ་ཆགས་ཡོད་། རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་ཀྱི་ཁོངས་གཏོགས་དང་། བོད་རིགས་དང་ཧུའེ་རིགས། རྒྱ་རིགས་སོགས་མི་རིགས་བཅུ་བཞི་ལྷག་འདུས་སྡོད་ཀྱི་ཞིང་ལས་གཙོར་བྱས་པའི་རྫོང་ཁག་ཞིག་ཡིན། རྫོང་འདིར་སྨན་རྩྭ་རིགས་200དང་རི་སྐྱེས་ཤ་མོའི་རིགས་70། ཆང་བ་ལི་དང་ཀུ་ཤུའི་སྡོང་བོ་ཁྲི་70ལྷག་ཙམ་ཡོད།

ཟླ་3པའི་ཚེས་21ཉིན། གསལ་ཡུལ་ཚོའི་སྤྲོ་གསེང་གླིང་གི་གཡས་ཟུར་གྱི་ཐང་ཆེན་ན་ཆུ་ཆེན་གྱི་ཟས་མཆོག་སྣ་ཚོགས་བཤམས་ཡོད་ལ། ལྟད་མོ་བ་རྣམས་ཀྱིས་གྲལ་དག་པའི་ཕྲེང་བསྒྲིགས་ནས་ཆུ་ཆེན་རྫོང་ཁོངས་ཀྱི་མི་རིགས་སོ་སོའི་ཟས་མཆོག་སྣ་ཚོགས་ལ་ཅི་དགར་རོལ་བཞིན་ཡོད།


ཟླ་3པའི་ཚེས་22ཉིན་གྱི་སྔ་དྲོར། ཤིང་ཏོག་ར་བའི་ལྕགས་རྟའི་འགྲན་རྒྱུགས་ཟིང་ཟིང་འདུ་འཛིའི་ཁྲོད་ནས་འགོ་བརྩམས་བྱུང་། འགྲན་རྒྱུགས་པ་རྣམས་ཀྱིས་ཉི་ཟེར་བྱེ་བ་དང་ཆང་བ་ལིའི་མེ་ཏོག་གི་དྲི་གསུང་ཁྲོད་ལྕགས་རྟ་གཤིབཏེ་ཨང་རིམ་བརྩད།

སྐབས་དང་པོའི་མེ་ཏོག་ལྷ་མོའི་དཔྱད་འདེམ་ཁྲོད། རྒྱལ་རོང་གི་མཛེས་མ་རྣམས་ཀྱིས་ལུས་ལ་གཟབ་འཆོར་གྱིས་སྤྲས་ནས་རང་རང་སོ་སོའི་ཐུན་མིན་གྱི་འཇོན་ནུས་ངོམས་པ་དང་། རྟིང་རྩོད་འགྲན་སྡུར་ཁྲོད་ཚེ་གཡང་སྐྱིད་ལ་མེ་ཏོག་ལྷ་མོའི་མཚན་སྙན་དང་བྱ་དགའ་ཨང་དང་པོ་དང་། བང་ལན་ལ་མེ་ཏོག་ཀོང་ཇོའི་མཚན་སྙན་དང་བྱ་དགའ་ཨང་གཉིས་པ། ཆན་ཞའོ་ཅེན་ལ་མེ་ཏོག་གངས་ལྷའི་མཚན་སྙན་དང་བྱ་དགའ་ཨང་གསུམ་པ་བཅས་ཐོབ་བྱུང་།


ཟླ་3པའི་ཚེས་22ཉིན་གྱི་ཕྱི་དྲོར། ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཨ་ལེགས་ཀྱིས་རིག་གནས་དང་ཡུལ་སྐོར་གྱི་འབྲེལ་བ་ལས་ངའི་ལྟ་ཚུལ་ཞེས་པའི་བརྗོད་དོན་གྱི་འཆད་ཁྲིད་གནང་ལ། ཁོས་དོན་དངོས་སུ་ཡུལ་སྐོར་ཐོན་ཁུངས་གསར་འབྱེད་དང་སྔོན་འདོན་བྱ་གཞི་ནི་དམངས་ཁྲོད་རིག་གནས་རེད་ཟེར།

 

འགྲན་སྟེགས་ཀྱི་ཟུར་ན་བསྡད་ཡོད་པའི་ལྗོངས་སྐོར་བ་ཀྲུའུ་ཧྲིན་གྱིས་གསར་འགོད་པར་བྱ་རྒྱུར། ང་ནི་ཉིན་ཁ་ཤས་ཀྱིས་སྔོན་ནས་ཡུན་ནན་ཏ་ལིས་ནས་ཆེད་དུ་ཆུ་ཆེན་གྱི་ཆང་བ་ལིའི་མེ་ཏོག་ལ་གཟིགས་རོལ་དུ་ཕེབས་པ་ཡིན་ལ། ཆུ་ཆེན་ན་མཛེས་ལྗོངས་མང་བ་མ་ཟད་མཛེས་མ་ཡང་མང་། ཉིན་འདི་དག་རིང་ལ་ཆང་བ་ལིའི་མེ་ཏོག་ལ་གཟིགས་རོལ་བྱས་པ་དང་། དེ་མིན་ཆུ་ཆེན་རྫོང་ཁོངས་ཀྱི་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོ་དང་ཆུ་ཆེན་སྲང་ལམ་རྙིང་བ་སོགས་ལྗོངས་སྐོར་ས་ཚིགས་མིང་གྲགས་ཅན་ཁ་ཤས་ལའང་གཟིགས་སྐོར་དུ་སོང་བ་ཡིན་ཟེར།

ཁོས་བཤད་རྒྱུར་ཆུ་ཆེན་རྫོང་སྲིད་གཞུང་གིས་མུ་མཐུད་དུ་ཆེད་མཁས་པ་དང་ཞིབ་འཇུག་པ་གདན་འདྲེན་བྱས་ཏེ་ཆུ་ཆེན་ན་གནས་པའི་ཞང་ཞུང་རིག་གནས་དང་མོ་བཟའ་རྒྱལ་མོའི་རིག་གནས་སོགས་སྔོག་འདོན་བྱེད་པར་ལྷག་ཏུ་སྤྲོ་བ་ལྡན་ཟེར།


དེ་ཡང་ཁྲོ་སྐྱབས་ནས་ཕེབས་པའི་ལྟད་མོ་བ་དཔལ་འབྱོར་གྱིས་གསར་འགོད་པར་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། བོད་ཁུལ་མ་ཟད་ནང་ལོགས་ནས་ཡང་ཐུགས་རྗེ་ཆེན་པོར་མཇལ་སྐོར་དུ་ཕེབས་མཁན་ཇེ་མང་ནས་ཇེ་མང་རེད་ལ། བཤད་སྲོལ་ལ་ལྷ་སའི་ཇོ་བོར་མ་མཇལ་གོང་ཁྲོ་སྐྱབས་ཐུགས་ཆེན་དུ་ཇོ་མཇལ་དུ་སོང་ན་བྱིན་རླབས་ལྷག་ཏུ་ཆེ་ཟེར་སྲོལ་ཡོད་པས། བོད་པ་རྐང་ཐང་དང་རྐྱང་ཕྱག་འཚལ་ནས་མཇལ་སྐོར་དུ་འགྲོ་མཁན་ཤིན་ཏུ་མང་ཟེར། དེ་བས་རྫོང་གིས་འདི་འདྲའི་ལྗོངས་སྐོར་དུས་སྟོན་རེ་སྤེལ་ན། ཞོར་དུ་ཐུགས་ཆེན་ལའང་ལྟད་མོར་ཕེབས་མཁན་མི་ཉུང་བ་ཞིག་ཡོད་པས། མཐའ་འཁོར་གྱི་ཡུལ་ཚོ་ཁག་གི་ལྗོངས་སྐོར་ལས་རིགས་ཡང་སྐུལ་ཁྲིད་བྱེད་ཐུབ་ཟེར།


གསལ་ཡུལ་ཚོའི་སྡེ་མི་རྣམས་ཀྱིས་དུས་ཆེན་གྱི་གཟབ་མཆོར་སྤྲས་པ་དང་དམངས་གླུ་གྱེར་བཞིན་རྒྱང་རིང་གི་ཡུལ་ནས་ཕེབས་པའི་སྐུ་མགྲོན་བསུས་བྱུང་ གྲལ་གྱི་མདུན་ན་ཡར་ལངས་ཡོད་པའི་སྡེ་མི་བང་ཧྲིན་གྱིས་གསར་འགོད་པར་བཤད་རྒྱུར། རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་མ་རྩ་མང་བོ་བཏང་ནས། ཆུ་ཆེན་གྱི་ལྗོངས་སྐོར་ལས་རིགས་ལ་སྐུལ་འདེད་དང་མང་ཚོགས་ཀྱི་ཡོང་འབབ་ཇེ་བཟང་དུ་གཏང་བཞིན་ཡོད་ལ། ད་སྐབས་ཆུ་ཆེན་དུ་ཆང་བ་ལའི་མེ་ཏོག་ལ་གཟིགས་རོལ་དུ་ཕེབས་མཁན་ཇེ་མང་རེད་ལ། རྫོང་ཡོངས་སུ་དུས་སྟོན་གྱི་དགའ་སྤྲོའི་རྣམ་པ་ཞིག་གི་ཁེངས་ཡོད་ཅེས་བཤད།


མཐོ་སྒང་གི་རྣམ་པར་བཀྲ་བའི་ཆང་བ་ལུའི་མེ་ཏོག་གི་ལྗོངས་རྣམ་དང་གནའ་ཉམས་བབ་ཆགས་ཀྱི་དམངས་སྲོལ་རིག་གནས། མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་སོགས་ཀྱིས་ཐེངས་འདིའི་འཕྲིན་སྦྱོར་བ་དང་ལྗོངས་སྐོར་བ་རྣམས་ལ་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཆུ་ཆེན་གསར་བ་ཞིག་མཐོང་དུ་བཅུག་ལ། ཁོང་ཚོས་འདྲ་པར་གྱིསཆུ་ཆེན་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་གསར་བ་འཛམ་གླིང་མི་དམངས་ཀྱི་མིག་དུན་དུ་བཀྲམ་བྱུང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1