རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་བཅའ་ཁྲིམས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 03-27


དོན་ཚན་བཞི་པ། རིག་གནས་ཤུལ་དངོས་ཀྱི་ལས་དོན་ཐད་སྲུང་སྐྱོབ་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་དང་། མྱུར་སྐྱོབ་བྱ་རྒྱུ་ཨང་དང་པོར་འཛིན་རྒྱུ། བེད་སྤྱོད་ལུགས་མཐུན་བྱ་རྒྱུ། དོ་དམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་རྒྱུ།

དོན་ཚན་ལྔ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཀྱི་ས་འོག་དང་། ཆུ་བོ། རྒྱ་མཚོ་བཅས་སུ་ལུས་པའི་རིག་གནས་ཤུལ་དངོས་ཡོད་ཚད་རྒྱལ་ཁབ་གཞུང་ལ་དབང་བ་ཡིན།

གནའ་བོའི་རིག་གནས་རྗེས་ཤུལ་དང་། གནའ་བོའི་བང་སོ། བྲག་ཕུག་དགོན་སྡེ་བཅས་རྒྱལ་ཁབ་གཞུང་གི་ཡིན་པ་དང་། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་བྱེད་ཁུངས་སུ་དམིགས་འཛུགས་བྱས་པའི་དྲན་གསོའི་རྩིས་བཟོས་དང་། གནའ་བོའི་རྩིག་བཟོས། རྡོ་བརྐོས། ལྡེབས་རིས། ཉེ་རབས་དང་དེང་རབས་ཀྱི་མཚོན་བྱེད་ཀྱི་རང་བཞིན་ལྡན་པའི་རྩིག་བཟོ་སོགས་རིག་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ལས་རྒྱབ་ཁབ་ཀྱིས་ལོགས་སུ་གཏན་འབེབས་བྱས་རིགས་ཕུད། དེ་བྱིངས་ཚང་མ་རྒྱལ་ཁབ་གཞུང་ལ་དབང་བ་ཡིན། གཞུང་དབང་གནས་སྤོ་མི་ཐུབ་པའི་རིག་གནས་ཤུལ་དངོས་ཀྱི་བདག་ནི་དེ་གནས་སའི་ས་ཞིང་གི་བདག་དབང་ངམ་བེད་སྤྱོད་བྱེད་དབང་གྱུར་པའི་རྐྱེན་གྱིས་མི་བསྒྱུར་རྒྱུ།

གཤམ་གསལ་གནས་སྤོ་ཐུབ་པའི་རིག་གནས་ཤུལ་དངོས་རྣམས་རྒྱལ་ཁབ་གཞུང་གི་ཡིན་པ་སྟེ།

(གཅིག)རྒྱལ་ཁབ་ཀྱིས་ལོགས་སུ་གཏན་འབེབས་བྱས་པར་ཕུད་པའི་ཀྲུང་གོའི་མངའ་ཁོངས་ཀྱི་ས་འོག་ནས་ཐོན་པའི་རིག་གནས་ཤུལ་དངོས།

(གཉིས།)གཞུང་ལ་དབང་པའི་རིག་གནས་ཤུལ་དངོས་བསྡུ་ཉར་བྱེད་མཁན་སྡེ་ཚན་དང་དེ་བཞིན་རྒྱལ་ཁབ་ཀྱི་ལས་ཁུངས་གཞན་དག་དང་། དམག་དཔུང་། གཞུང་ལ་དབང་བའི་ཁེ་ལས། བྱ་ལས་སྡེ་ཚན་སོགས་ཀྱིས་བསྡུ་ཉར་དང་ཉར་ཚགས་བྱས་པའི་རིག་གནས་ཤུལ་དངོས།

(གསུམ།)རྒྱལ་ཁབ་ཀྱིས་འཚོལ་བསྡུ་དང་ཉོ་སྒྲུབ་བྱས་པའི་རིག་གནས་ཤུལ་དངོས།

(བཞི།)སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱིས་རྒྱལ་ཁབ་ལ་ལེགས་སྐྱེས་སུ་ཕུལ་བའི་རིག་གནས་ཤུལ་དངོས།

(ལྔ། )བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་གཞན་དག་བཅས་ཡིན།

གཞུང་ལ་དབང་བའི་གནས་སྤོ་ཐུབ་པའི་རིག་གནས་ཤུལ་དངོས་ཀྱི་བདག་དབང་ནི་དེ་ཉིད་ཉར་ཚགས་དང་བསྡུ་ཉར་བྱེད་མཁན་སྡེ་ཚན་མཇུག་སྒྲིལ་བའམ་འགྱུར་བའི་རྐྱེན་གྱིས་མི་བསྒྱུར་རྒྱུ། གཞུང་ལ་དབང་བའི་རིག་གནས་ཤུལ་དངོས་ཀྱི་བདག་དབང་ལ་བཅའ་ཁྲིམས་ནས་སྲུང་སྐྱོབ་བྱ་དགོས་ཤིང་དེ་དག་ལ་གནོད་སྐྱོན་བཏང་མི་ཆོག

དོན་ཚན་དྲུག་པ། ཐུན་མོང་ལ་དབང་བ་དང་སྒེར་ལ་དབང་བའི་དྲན་གསོའི་རྩིག་བཟོས་དང་། གནའ་བོའི་རྩིག་བཟོས། རྒྱུན་འཛིན་རིག་གནས་ཤུལ་དངོས་བཅས་དང་དེ་བཞིན་ཁྲིམས་ལྟར་ཐོབ་པའི་རིག་གནས་ཤུལ་དངོས་གཞན་དག་གི་བདག་དབང་འཛིན་མཁན་གྱིས་ངེས་པར་དུ་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གསལ་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས།

དོན་ཚན་བདུན་པ། ལས་ཁུངས་དང་། རྩ་འཛུགས། མི་སྒེར་བཅས་ཚང་མར་བཅའ་ཁྲིམས་ལྟར་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱ་རྒྱུའི་འོས་འགན་ཡོད།

དོན་ཚན་བརྒྱད་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིག་གནས་ཤུལ་དངོས་སྲིད་འཛིན་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་གཙོ་སྐྱོང་བྱ་རྒྱུ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་སྒྲུབ་འགན་འཁུར་རྒྱུ། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་རིག་གནས་ཤུལ་དངོས་སྲུང་སྐྱོབ་ལས་དོན་སྒྲུབ་འགན་འཁུར་མཁན་སྡེ་ཁག་གིས་སྲིད་འཛིན་ས་ཁོངས་དེ་གའི་རིག་གནས་ཤུལ་དངོས་སྲུང་སྐྱོབ་བྱེད་ཚུལ་ལ་ལྟ་སྐུལ་ལ་དོ་དམ་བྱ་རྒྱུ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1