ཆེས་སྔ་དུས་ཀྱི་མི་རྣལ་མ།

དབྱིན་ཇི་བH•G•ཝེ་ཨོད་སིས་བརྩམས། ཁྱུང་རྩེ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།ཁ་བཏགས་དཀར་པོ། སྤེལ་དུས། 03-27


སྤྱིར་ཡོ་རོབ་གླིང་དང་། ཁྱད་པར་དུ་ཧྥ་རན་སི་དང་སི་ཕེན་རྒྱལ་ཁབ་གཉིས་ནས་ཆེས་སྔ་དུས་ཀྱི་མིའི་རྗེས་ཤུལ་གསར་རྙེད་བྱུང་བ་མ་ཟད། རྗེས་ཤུལ་འདི་དག་འཇོག་མཁན་ནི་ང་ཚོ་དང་ཤ་ཉེའི་འབྲེལ་བ་ཡོད་པའི་ཆེས་སྔ་དུས་ཀྱི་མི་ཡིན་པ་ཚན་རིག་གིས་ར་སྤྲོད་བྱས། རྒྱལ་ཁབ་འདི་གཉིས་སུ་རུས་པ་དང་ཡོ་ཆས་ཙམ་མ་ཟད། རུས་པ་དང་མཚོན་ཆ་གང་རུང་གིས་བྲད་པའི་རུས་པ་དང་བྲག་རྡོ། བརྐོས་གཞོག་བྱས་པའི་རུས་པ་དང་རི་མོ་བརྐོས་ཡོད་པའི་བྲག་ཕུག་སོགས་གང་མང་མཐོང་རྒྱུ་ཡོད་དེ། མི་འདི་དག་འཚོ་གནས་ཀྱི་དུས་ཚོད་ནི་ཧ་ལམ་ལོ་ངོ་ཁྲི་3ལྷག་གི་སྔོན་དུ་ཡིན། མིག་སྔར་སི་ཕེན་ནི་འཛམ་གླིང་སྟེང་མིའི་རིགས་ཀྱི་མེས་པོའི་རྗེས་ཤུལ་རྙེད་པ་ཆེས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་རེད་ཅེས་བརྗོད་ཆོག

ཡིན་ནའང་། ང་ཚོས་འཚོལ་སྡུད་བྱས་ཟིན་པའི་ཤུལ་དངོས་འདི་དག་ནི་བརྟག་དཔྱད་ཞིབ་འཇུག་གི་འགོ་རྩོམ་བྱེད་ཙམ་ཡིན་པས། རྗེས་ཕྱོགས་ཞིབ་འཇུག་པ་མང་པོས་འབྲེལ་ཡོད་ཀྱི་ལོ་རྒྱུས་རྒྱུ་ཆ་སོ་སོར་ཞིབ་འཇུག་གཏིང་ཐག་ཆོད་པ་ཞིག་བྱ་རྒྱུའི་རེ་བ་བཏོན་པ་ཡིན་ལ། གནའ་རྫས་བརྟག་དཔྱད་པ་དག་འགྲོ་མ་ཐུབ་པར་ལུས་པའི་རྒྱལ་ཁབ་དག་ཏུ་ཕྱིན་ནས་རྟོག་ཞིབ་ནན་མོ་ཞིག་བྱ་རྒྱུའི་རེ་བའང་བཏོན་པ་ཡིན། ཧྥེ་གླིང་དང་ཡ་གླིང་གི་ས་ཁུལ་མང་ཆེ་བར་དུས་ད་ལྟའང་གནའ་རྫས་བརྟག་དཔྱད་པ་དག་སོང་མྱོང་མེད་ཅིང་། རང་དབང་གི་རྟོག་ཞིབ་བྱས་མྱོང་མེད་པས། ཡོ་རོབ་ནུབ་མར་གཏན་སྡོད་བྱེད་མཁན་གྱི་མི་དེ་དག་ནི་ང་ཚོ་མིའི་རིགས་ཀྱི་མེས་པོའམ་ཆེས་སྔ་དུས་ཀྱི་མི་རྣལ་མ་ཡིན་པར་ཁ་ཚོན་གཅོད་མི་རུང་ཞིང་། མི་དེ་དག་ནི་ཆེས་སྔ་མོའི་དུས་ནས་ས་འདིར་བྱུང་བ་རེད་ཅེས་ཀྱང་ཐག་གཅོད་མི་རུང་།

ཡ་གླིང་དང་ཧྥེ་གླིང་། དེང་སྐབས་མཚོ་ཞབས་སུ་འཐིམ་པའི་ས་ཁུལ་ཁ་ཤས་སུ་ང་ཚོས་ད་ལྟ་རྙེད་ཟིན་པའི་རྒྱུ་ཆ་དག་ལས་དུས་ཡུན་ཆེས་སྔ་ཞིང་གྲངས་འབོར་ཆེས་མང་བའི་སྔ་དུས་ཀྱི་མི་རྣལ་མའི་ཤུལ་དངོས་རྙེད་རྒྱུ་ཡོད་སྲིད། ངས་འདིར་ཡ་གླིང་དང་ཧྥེ་གླིང་མ་གཏོགས་མེ་གླིང་མ་གླེང་བ་ལ་རྒྱུ་མཚན་ཡོད་དེ། ང་ཚོས་མེ་གླིང་ནས་བློ་ལྡན་རིགས་ཀྱི་སྲོག་ཆགས་དག་ལ་རྗེས་འདེད་བརྟག་དཔྱད་བྱས་ཀྱང་ད་ལྟའི་བར་དུ་མི་མ་སྤྲ་དང་མི་ཙམ་པོ་བ། ཉི་ཨན་ཏི་ཐེར་གྱི་མིའི་རྗེས་ཤུལ་ཅི་ཡང་རྙེད་མ་བྱུང་ལ། སྔ་དུས་ཀྱི་མིའི་ཤུལ་དངོས་ ཙམ་ཡང་མཐོང་མ་བྱུང་། དེ་བས། སྐྱེ་དངོས་ཀྱི་འཕེལ་འགྱུར་ནི་སྐམ་ས་རྙིང་པ་ཁོ་ནའི་སྟེང་མ་གཏོགས་བྱུང་མྱོང་མེད་པ་འདྲ། རྡོ་ཆས་རྙིང་པའི་དུས་སྐབས་ཀྱི་དུས་མཇུག་ལ་སླེབས་དུས། མིའི་རིགས་ད་གཟོད་དེང་སྐབས་པེ་ལིན་མཚོ་འགག(ཡ་གླིང་གི་ཆེས་ཤར་མཐའི་ཅར་ཉི་ཨོ་ཧྥུ་ཇོ་དང་མེ་གླིང་གི་ཆེས་ནུབ་མཐའི་ཝེ་ཨར་སིའི་ཝང་ཙི་ཇོ་གཉིས་བར་དུ་གནས།)གིས་བར་བཅད་པའི་སྐམ་སའི་བགྲོད་ལམ་བརྒྱུད་དེ་མེ་གླིང་སྐམ་སར་ཐོན་པ་རེད།

ང་ཚོས་ཡོ་རོབ་གླིང་ནས་རྙེད་པའི་ཆེས་སྔ་དུས་ཀྱི་མི་རྣལ་མར་མ་མཐའ་ཡང་རིགས་རྒྱུད་མི་འདྲ་བ་གཉིས་ཡན་ཡོད་པ་འདྲ། དེའི་ནང་རིགས་རྒྱུད་གཅིག་ནི་གཟུགས་གཞི་ཆེ་ཞིང་བློ་རིག་བཀྲ་བར་འདུག་སྟེ། བུད་མེད་ཅིག་གི་ཀླད་རུས་རྙེད་པར་ཀླད་པའི་ཤོང་ཚད་ནི་དེང་གི་སྐྱེས་པ་ཕོའི་ཀླད་པའི་ཤོང་ཚད་ཀྱི་ཆ་སྙོམས་ཚད་ལས་བརྒལ་འདུག་ཅིང་། སྐྱེས་པ་ཞིག་གི་རུས་སྒྲོམ་རྙེད་པར་མཐོ་ཚད་ལ་དབྱིན་ཁྲུ་6(སྨི་1.83)ཡོད་པ་དང་གཟུགས་དབྱིབས་ནི་མེ་གླིང་བྱང་མའི་དབྱིན་ཏི་ཨན་པ་དང་ཧ་ཅང་འདྲ། རུས་པ་འདི་དག་ཆེས་ཐོག་མར་ཁི་ལོ་མ་ནུང་(ཧྥ་རན་སིའི་རྒྱལ་ཁོངས་སུ་མཆིས།)གི་བྲག་ཕུག་ཏུ་རྙེད་པས་མི་རྣམས་ཀྱིས་ཁི་ལོ་མ་ནུང་གི་མི་ཞེས་མིང་བཏགས། འདི་དག་ནི་གདོད་མའི་མི་ཡིན་ཞིང་། ཆེས་མཐོ་རིམ་གྱི་གདོད་མའི་མི་ཡིན། མི་རྒྱུད་གཞན་ཞིག་གི་ཤུལ་རྒྱུན་དེ་ཁི་ལི་མ་ཏིའི་(དབྱི་ཐ་ལིའི་ཁི་ལི་མ་ཏི་ས་ཆར་གནས།)བྲག་ཕུག་ཅིག་ཏུ་རྙེད་པ་དང་། གཟུགས་དབྱིབས་ལ་བལྟས་ན་དེ་ཚོ་ཕལ་ཆེ་བ་མི་རྒྱུད་ནག་པོར་གཏོགས་ཤིང་། དེང་གི་ཧྥེ་གླིང་ལྷོ་མའི་པུའུ་ཧྲི་མན་པ་དང་ཧའོ་ཏིན་ཏུའུ་པ་རྣམས་ནི་ཁོ་ཚོའི་ཉེ་རྒྱུད་ཡིན་འདུག མིའི་རིགས་ཐོག་མར་གྲུབ་པ་ནས་བཟུང་སྟེ་མིའི་རིགས་མ་མཐའ་ཡང་མི་རྒྱུད་གཉིས་ཡན་དུ་གྱེས་འདུག ང་ཚོའི་ལྟ་ཚུལ་ལྟར་ན་མི་རྒྱུད་སྔོན་མ་དེ་རིགས་ཀྱི་ལུས་མདོག་ནི་ཧ་ལམ་ནག་པོ་མ་ཡིན་པར་ཁམ་མདོག་ཡིན་ལ། འབྱུང་ཁུངས་ནི་བྱང་ཕྱོགས་སམ་ཤར་ཕྱོགས་གང་རུང་ཡིན་པ་དང་། མི་རྒྱུད་ཕྱི་མ་འདི་རིགས་ཀྱི་ལུས་མདོག་ནི་ཁམ་པ་མ་ཡིན་པར་ནག་པོ་ཡིན་པ་དང་། ཐིག་དམར་གྱི་ལྷོ་ཕྱོགས་རྒྱུད་དུ་བྱུང་བ་འདྲ། འོན་ཀྱང་སྡོམ་ཚིག་འདི་ནི་དཔྱད་ཞིབ་མེད་པའི་འོས་ཚོད་ཙམ་རེད།

ཧ་ལམ་ལོ་ངོ་ཁྲི་4ཡི་ཡར་སྔོན་དུ་འཚོ་བའི་གདོད་མའི་མི་འདི་དག་ལ་མིའི་ཁྱད་ཆོས་ཡོངས་སུ་ཚང་འདུག ཁོ་ཚོས་འགྲོན་བུར་བུ་ག་བརྟོལ་ཞིང་རྒྱུན་བུར་བརྒྱུས་ནས་སྐེ་རྒྱན་བྱེད་པ་དང་རང་ལུས་ལ་ཚོན་མདོག་སྣ་ཚོགས་བྱུག་རྒྱུ་ཤེས་པ་མ་ཟད། རྡོ་དང་རུས་པའི་སྟེང་རི་མོ་རྐོ་འབྲི་བྱེད་པ་དང་། ཐ་ན་སྲོག་ཆགས་ཀྱི་གཟུགས་རིས་སྣ་ཚོགས་སྟབས་བདེ་དང་གསོན་ཉམས་ལྡན་པར་བྲག་ངོས་སུ་རྐོ་འབྲི་བྱེད་རྒྱུ་ཡང་ཤེས་འདུག ཁོ་ཚོས་བཟོས་པའི་ཡོ་ཆས་རྣམས་ནི་ཉི་ཨན་ཏི་ཐེར་པ་དག་གིས་བཟོས་པ་ལས་ཆུང་ཞིང་སྤུས་དག་པ་མ་ཟད། སྣ་རིགས་ཀྱང་ཕུན་སུམ་ཚོགས་པར་འདུག ཁོ་ཚོས་བཟོས་པའི་ཡོ་ཆས་དང་རྐོས་དངོས། བྲག་བརྐོས་རི་མོ་སོགས་འབོར་ཆེན་ཞིག་ད་ལྟ་ང་ཚོའི་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་ཡོད།

སྔ་དུས་ཀྱི་གདོད་མའི་མིས་རྔོན་རྒྱག་པར་བརྟེན་ནས་འཚོ་ཞིང་ཡོད་ལ། ཁ་འགྲམ་དུ་སྤུ་སྐྱེས་ཡོད་པའི་རི་སྐྱེས་རྟ་རྒོད་ཆུང་གྲས་རིགས་ཤིག་ཡོད་པ་ནི་ཁོ་ཚོའི་ཁ་ཟས་གཙོ་བོ་ཡིན་འདུག རི་སྐྱེས་རྟ་རྒོད་ནི་རྩྭ་ཆུ་གང་བཟང་དེད་ནས་འཚོ་མཁན་ཞིག་ཡིན་པས་རྔོན་པ་རྣམས་ཀྱང་དེ་ཚོའི་རྗེས་དེད་ནས་གནས་ཡུལ་སྤོ་སྐྱས་བྱེད་བཞིན་ཡོད། དེ་ལས་གཞན་འབྲོང་ཡང་ཁོ་ཚོའི་ཁ་ཟས་གཙོ་བོ་ཞིག་རེད། ཁོ་ཚོས་བྲིས་པའི་བྲག་བརྐོས་རི་མོ་ལས་ཁོང་རྣམས་གླང་ཆེན་མེང་མའི་གོམས་གཤིས་ལ་ཆ་རྒྱུས་ཆེ་བ་རྟོགས་ཐུབ་ཅིང་། རྒྱ་རྙི་བཙུགས་ནས་དེ་དག་འཛིན་གསོད་བྱེད་བཞིན་པའང་ཤེས་ཐུབ།

སྐབས་དེར་ད་དུང་མདའ་གཞུ་བྱུང་ཡོད་མི་སྲིད་དེ། ཁོ་ཚོས་མདུང་རིང་དང་རྡོ་འཕེན་པར་བརྟེན་ནས་རྔོན་རྒྱག་བཞིན་ཡོད། ཁོ་ཚོར་རྔོན་ཁྱི་མེད་ཅིང་ཕྱུགས་རིགས་འདུལ་གསོ་བྱེད་ཤེས་མིན་ཡང་རྟོགས་དཀའ། ཁོ་ཚོས་བཞག་པའི་བརྐོས་རིས་ཁྲོད་རྟ་མགོ་གཅིག་དང་སྲབ་བསྐོན་ཡོད་པའི་རྟ་གཉིས་ཀྱི་རི་མོ་གསལ་བར་མ་ཟད། སྲབ་ནི་ཕྱུགས་རིགས་ཀྱི་པགས་པའམ་རྒྱུ་པས་བཟོས་པ་འདྲ་བར་སྣང་། འོན་ཀྱང་། སྐབས་དེར་ས་དེའི་རྟ་ནི་གཟུགས་གཞི་ཆུང་དྲགས་ནས་བཞོན་པར་མི་རུང་བས། གལ་ཏེ་འདུལ་སྦྱོང་བྱས་ཟིན་ནའང་དངོས་ཟོག་སྐྱེལ་འདྲེན་དུ་བཀོལ་བ་ཙམ་ཡིན་སྲིད། ཕྱུགས་ཟོག་གི་འོ་མ་འཐུང་རྒྱུ་ནི་ཁོ་ཚོས་ད་དུང་ཤེས་མེད་པ་འདྲ།

ཁོ་ཚོས་སྲོག་ཆགས་ཀྱི་པགས་པས་གུར་ཕུབ་རྒྱུ་ཤེས་ཡོད་ནའང་། ཁང་པ་གསར་བཟོ་བྱ་རྒྱུ་ད་དུང་ཤེས་མེད་ཅིང་ས་མྱགས་ཀྱིས་མིའི་འཇིམ་བརྙན་བཟོ་ཤེས་ནའང་། རྫ་ཆས་བཟོ་རྒྱུ་ད་དུང་ཤེས་མེད། ཟ་མ་གཡོ་སྐོལ་བྱེད་སྤྱད་ཀྱི་ཐབ་ཆས་ཅི་ཡང་མེད་པས་ཁོ་ཚོའི་ཟ་མ་གཡོ་སྟངས་ནི་ཆེས་སྟབས་བདེ་ཡིན་ཞིང་། ཟས་བཙོས་མ་གཏན་ནས་བཟའ་ཤེས་བཞིན་མེད་པ་འདྲ། ཁོ་ཚོས་ས་ཞིང་རྨོ་མི་ཤེས་ཤིང་། ཐགས་ཀྱང་འཐག་མི་ཤེས་ཏེ། སྲོག་ཆགས་ཀྱི་པགས་པས་རང་ལུས་འགེབས་པར་བྱེད་པ་ལས་གཞན། གཅེར་རྗེན་གྱི་ལུས་སྟེང་དུ་ཚོན་རྩི་བྱུག་རྒྱུ་ཙམ་ལས་ཤེས་བཞིན་མེད།

ང་ཚོས་ཤེས་རྟོགས་བྱུང་བའི་སྔ་དུས་ཀྱི་མིའི་རིགས་འདི་དག་གིས་ཡོ་རོབ་གླིང་གི་མུ་མེད་ཀྱི་རྩྭ་ཐང་དུ་རི་དྭགས་རྔོན་ཞིང་འཚོ་ལ། དེ་ལྟའི་འཚོ་ཐབས་ལ་བརྟེན་ནས་ལོ་ངོ་ཁྲི་1ལྷག་ལ་ཕ་ཚ་བུ་རྒྱུད་དུ་འཚོ་གཞེས་གནང་། རྗེས་ནས། ནམ་ཟླའི་འགྱུར་ལྡོག་དང་བསྟུན་ཁོ་ཚོ་གནས་ངེས་མེད་དུ་འཁྱམས་ཞིང་སྤོས། དུས་རབས་གང་མང་གི་རྗེས་སུ། ཡོ་རོབ་གླིང་གི་ནམ་ཟླ་རིམ་བཞིན་དྲོད་འཇམ་ཅན་དང་བརླན་གཤེར་ཅན་དུ་གྱུར་ལ། དེར་མཐུད་ནས་ཤྭ་བ་མཇིང་དཀར་ཡང་ཤར་ཕྱོགས་དང་བྱང་ཕྱོགས་སུ་གནས་སྤོ་བྱེད་འགོ་ཚུགས་ཤིང་། འབྲོང་དང་རི་སྐྱེས་རྟ་རྒོད་དག་ཀྱང་དེ་ཕྱོགས་སུ་གནས་སྤོས། རྩྭ་ཐང་རིམ་བཞིན་ནགས་ཚལ་དུ་གྱུར་ཅིང་འབྲོང་དང་རི་སྐྱེས་རྟ་རྒོད་ཀྱི་ཚབ་ཏུ་ཤྭ་བ་སེར་ཆེན་དག་གིས་གང་བར་གྱུར། དེ་དང་འདྲ་བར་སྔ་དུས་ཀྱི་མིའི་སྣོད་ཆས་ལའང་སྤྱོད་སྒོ་དང་བསྟུན་ནས་སྣ་རིགས་མང་དུ་གྱུར་ལ། མཚེའུ་དང་གཙང་པོ་རུ་ཉ་དང་ཆུ་འབུ་གློ་ཉ་འཛིན་རྒྱུ་ནི་སྐྱེས་པ་ཕོའི་ལས་འགན་གལ་ཆེན་ཞིག་ཏུ་གྱུར། བཀོད་ལེགས་ཡིད་འོང་གི་རུས་ཆས་ཀྱང་མང་དུ་འཕེལ་བས། ཏིས•མའོ་ཐེ་ལི་ཡིས་སྐབས་དེའི་རུས་ཆས་ལ་འདི་ལྟར་བསྔགས་བརྗོད་བྱས་ཡོད་དེ། དེའི་རྗེས་ནས་བཟོས་པའི་དངོས་ཆས་དག་ལས་ལྷག་པར་བཀོད་ལེགས་ཡིད་འོང་ཅན་ཡིན་ལ། ཐ་ན་རིག་རྩལ་བསྐྱར་དར་ཡར་སྔོན་དུ་བཟོས་པའི་རུས་ཆས་ཡོད་ཚད་ལས་ཀྱང་སྤུས་དག་ཅིང་ལྟ་ན་སྡུག་པས། རོ་མའི་མི་ལ་ཆ་བཞག་ནས་བཤད་ན། ཁོ་ཚོས་བཟོས་པའི་རུས་ཆས་ཡོད་ཚད་གང་གིས་ཀྱང་སྐབས་འདིའི་རུས་ཆས་ཀྱི་དོ་ཟླ་མི་ཡོང་ཞེས་བརྗོད་ཡོད་འདུག

ལོ་ངོ་ཁྲི་1.5ནས་ཁྲི་2ཙམ་གྱི་ཡར་སྔོན་དུ་སླེབས་དུས། མི་རྒྱུད་གསར་པ་སྐོར་ཞིག་སི་ཕེན་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་གནས་སྤོ་བྱས་བྱུང་བ་དང་། གསལ་རྗེན་གྱི་བྲག་ངོས་སུ་མི་རྣམས་ཧ་ལས་སུ་འཇུག་པའི་གསོན་ཉམས་ལྡན་པའི་རི་མོ་འབོར་ཆེན་བརྐོས་བྱུང་སྟེ། དེ་ཚོ་ནི་ཨ་ཆིས་ཨར་གྱི་མི་(མ་སི•ཨ་ཆིས་ཨར་བྲག་ཕུག་ཏུ་འཚོ་གནས་བྱས་པས་མིང་དེ་ལྟར་བཏགས།)རེད། ཁོ་ཚོར་མདའ་གཞུ་ཡོད་པར་མ་ཟད། མགོ་ཐོག་ཏུ་ད་དུང་བྱ་སྒྲོའི་མཛེས་རྒྱན་ཡང་ཡོད་པ་འདྲ། ཁོ་ཚོའི་སྔ་དུས་ཀྱི་རི་མོ་ནི་གསོན་ཉམས་ལྡན་པར་འདུག་ལ། ཕྱིས་སུ་རིམ་བཞིན་སྟབས་བདེའི་རྟགས་མཚན་མང་པོར་འགྱུར་འགོ་ཚུགས་ཏེ། དཔེར་ན་རིམ་བཞིན་མི་ཞིག་འབྲི་དགོས་ཚེ་གཞུང་ཐིག་གཅིག་དང་འཕྲེད་ཐིག་གཉིས་གསུམ་གྱིས་མཚོན་པར་བྱེད་པ་ཡིན་པས། ཡི་གེ་འབྲི་བའི་སྲོལ་ཡང་བྱུང་འགོ་ཚུགས་པ་མཚོན། ཁོ་ཚོས་རི་དྭགས་རྔོན་ཚུལ་གྱི་རི་མོ་འབྲི་བ་ལས་གཞན། སྐབས་སྐབས་སུ་རྟགས་མཚན་རིགས་ཀྱི་རི་མོའང་འབྲི་སྟེ། དཔེར་ན་བྲག་རིས་གཅིག་ཏུ་མི་གཉིས་ཀྱིས་སྦྲང་ཚང་དུ་དུ་བ་གདུག་བཞིན་པའི་རྣམ་པ་ཐོན་འདུག

མི་འདི་དག་གིས་སྔར་བཞིན་གཞོག་བཟོ་བྱས་པའི་ཡོ་ཆས་བེད་སྤྱོད་བྱེད་བཞིན་ཡོད་པས། ཁོ་ཚོ་ནི་རྡོ་ཆས་རྙིང་མའི་དུས་སྐབས་ཀྱི་ཆེས་མཐའ་མཇུག་གི་མིར་བརྩི་དགོས་འདུག ལོ་ངོ་ཁྲི་1ནས་ཁྲི་1.2ཙམ་གྱི་ཡར་སྔོན་དུ་སླེབས་དུས། འཚོ་གནས་ཀྱི་ཐབས་གསར་པ་ཞིག་ཡོ་རོབ་གླིང་དུ་དར་བར་གྱུར་ཅིང་། མི་དེ་དག་གིས་ལག་ཆ་གཞོག་བཟོ་བྱེད་ཤེས་པ་མ་ཟད། བརྡར་བཟོ་ཡང་བྱེད་ཤེས་ལ། ཞིང་རྨོ་རྒྱུ་དང་ངལ་རྩོལ་བྱ་རྒྱུའང་ཤེས་འདུག་སྟེ། རྡོ་ཆས་གསར་བའི་དུས་སྐབས་གཞི་ནས་འགོ་བརྩམས་བྱུང་།

མི་རྣམས་ཧ་ལས་དགོས་པ་ཞིག་ལ། ལོ་ངོ་100ཙམ་གྱི་ཡར་སྔོན་དུ་ཨོ་སི་ཁྲུ་ལི་ཡའི་ཐ་སི་མ་ཉི་ཡ་གླིང་ཕྲན་གྱི་ཁེར་བཅད་གླིང་ཕྲན་ཞིག་ཏུ་མིའི་རིགས་ཤིག་འཚོ་ཞིང་ཡོད་དེ། ཁོ་ཚོའི་ལུས་སྟོབས་དང་རིག་སྟོབས་ཀྱི་འཕེལ་ཚད་ནི་ད་སྔ་ཤེས་རྟོགས་བྱུང་བའི་ཡོ་རོབ་གླིང་གི་སྔ་དུས་ཀྱི་མིའི་རིགས་ལས་ཀྱང་ཞན་པར་འདུག ས་ཁམས་འཕོ་འགྱུར་གྱི་དབང་གིས་ཐ་སི་མ་ཉི་ཡའི་གླིང་ཕྲན་གྱི་མི་འདི་དག་ཆེས་སྔ་མོའི་དུས་སྐབས་ནས་ཕྱི་ཡུལ་དང་རྒྱང་དུ་བཅད་ཅིང་། ཕྱི་ཡུལ་གྱི་འཕེལ་ཁས་ཁོ་ཚོར་ཤུགས་རྐྱེན་དང་བཅོས་སྒྱུར་ཅི་ཡང་ཐེབས་མ་ཐུབ་པས། ཁོ་ཚོར་འཕེལ་འགྱུར་བྱུང་བ་ལྟ་ཞོག ཐ་ན་དེ་ལས་ལྡོག་སྟེ་ལྟག་ལོག་ཉམས་གུད་བྱུང་འདུག ཡོ་རོབ་གླིང་གི་མྱུལ་དཔྱད་པས་མིའི་རིགས་འདི་གསར་རྙེད་བྱུང་དུས། ཁོ་ཚོས་ད་དུང་འགྲོན་བུའི་རིགས་དང་སྲོག་ཆགས་ཆུང་གྲས་རིགས་ཟས་སུ་བྱེད་ཅིང་། ཐ་ན་སྡོད་ཁང་ཡང་མེད་པར་རེ་རེ་བཞིན་ས་ཐོག་ཏུ་ཙོག་པུར་འདུག་པ་རེད། ཕྱི་ཚུལ་ནས་བལྟས་ཚེ་མི་ཡིན་པ་འདྲ་མཚུངས་ཡིན་ནའང་། ཁོ་ཚོར་ད་དུང་སྔ་དུས་ཀྱི་མིའི་རིགས་ལ་ཡོད་པའི་མཉེན་འགྱུར་གྱི་རྩལ་ནུས་དང་མཛེས་དཔྱོད་ཀྱི་ལྟ་བ་ཅི་ཡང་ཡོད་མི་འདུག



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1