2015ལོར་རང་རྒྱལ་གྱིས་མི་འབོར་ཡོངས་བཤེར་ཆུང་གྲས་བྱ་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-14


       རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཡོངས་བསྒྲགས་བྱས་པའི《2015ལོར་རྒྱལ་ཡོངས་ཀྱི་མི་འབོར་1%ལ་དཔེ་འཐེན་བརྟག་དཔྱད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》གཞིར་བཟུང་།  རང་རྒྱལ་གྱིས་ཕྱི་ལོར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཆུང་གྲས་བྱ་རྒྱུ་རེད།    བྱ་ཐབས་དེས་ཐེངས་གོང་མའི་ཡོངས་ཁྱབ་ཞིབ་བཤེར་ཚུན་གྱི་རང་རྒྱལ་གྱི་མི་འབོར་དེ་གྲངས་འབོར་དང་།  བྱང་ཚད།  གྲུབ་ཆ།  ཁྱབ་ཚུལ།  སྡོད་གནས་སོགས་ཐད་ཀྱི་འགྱུར་ལྡོག་གསལ་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་རྒྱུ་རེད་ལ།  འབྱུང་འགྱུར་གྱི་མི་འབོར་འཕེལ་ཚུལ་ལ་ཞིབ་འཇུག་དང་།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཚན་རིག་དང་མཐུན་པའི་ངང་བཟོ་བ།  དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ་བཅས་ཐད་ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་ཐུབ་རྒྱུ་རེད། 

        རྒྱལ་ཁབ་བསྡོམས་རྩིས་ཅུས་མི་འབོར་དང་ལས་ཞུགས་བསྡོམས་རྩིས་སིའི་རིགས་གཅིག་མཁས་ཅན་ཕུང་ནའེ་ལིང་གིས་ངོ་སྤྲོད་བྱས་པར་གཞིགས་ན།     རང་རྒྱལ་ནི་འཛམ་གླིང་ཐོག་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་།      མི་འབོར་གྱི་གཞི་ཁྱོན་ཆེན་པོ་དེ་འདྲར་ལོ་ལྔ་རེར་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་རེ་བྱེད་པ་དེ་ནི་དོན་དངོས་དང་མི་མཐུན་པ་ཞིག་ཡིན་མོད།   འོན་ཀྱང་ལོ་བཅུ་རེའི་ནང་རང་རྒྱལ་གྱི་མི་འབོར་འཕེལ་ཚུལ་ཁོང་དུ་ཆུད་པ་བྱ་ཆེད་གཞི་ཁྱོན་ཆེ་ཙམ་གྱི་མི་འབོར་ཡོངས་ཁྱབ་ཞིབ་བཤེར་ཐེངས་རེ་བྱེད་པའི་དགོས་པ་ཡོད།    དེར་བརྟེན་མི་འབོར་1%གི་དཔེ་འཐེན་བརྟག་དཔྱད་ལམ་ལུགས་བཙུགས་པ་དང་དེར་ཡོངས་ཁྱབ་ཞིབ་བཤེར་ཆུང་གྲས་ཞེས་ཀྱང་བརྗོད་ཀྱི་ཡོད།  རང་རྒྱལ་གྱིས་1987ལོ་ནས་བཟུང་རྒྱལ་ཡོངས་ཀྱི་མི་འབོར་1%ལ་དཔེ་འཐེན་བརྟག་དཔྱད་ཐེངས་དང་པོ་བྱས་པ་དང་དེ་རྗེས་1995ལོ་དང་2005ལོར་སླར་ཡང་ཐེངས་རེ་བྱས་པ་དང་མིག་སྔར་ཐེངས་གསུམ་བྱས་ཟིན།  2015ལོར་མི་འབོར་1%ལ་དཔེ་འཐེན་བརྟག་དཔྱད་བྱེད་པའི་ཚད་ལྡན་དུས་ཚོད་དེ་ལོ་དེའི་ཟླ་11ཚེས་1ཉིན་གྱི་ཆུ་ཚོད་བཅུ་གཉིས་ཐོག་བྱ་རྒྱུའི་གཏན་འཁེལ་བ་དང་བརྟག་དཔྱད་སྒྲིག་འཛུགས་ལག་བསྟར་བྱ་རྒྱུ་དེ་ཐོ་འགོད་གོང་གི་གྲ་སྒྲིག་དང་།  ས་གནས་ས་ཐོག་གི་ཐོ་འགོད།  གྲངས་གཞི་ཕྱོགས་སྡོམ་དང་ཡོངས་བསྒྲགས་བཅས་དུས་མཚམས་གསུམ་དུ་དབྱེ་རྒྱུ་རེད། 

     ད་ཐེངས་རྒྱལ་ཡོངས་ཀྱི་བརྟག་དཔྱད་དེར་བརྟག་དཔྱད་ཁུལ་ཆུང་ཁྲི་6ཙམ་ཟུར་འཐེན་བྱ་རྒྱུ་མ་ཟད།  བརྟག་དཔྱད་ཁུལ་ཆུང་རེའི་མི་འབོར་200ནས་250ཙམ་ཟིན་རྒྱུ་དང་རྒྱལ་ཡོངས་ཀྱིས་ཁྱོན་མི་ཁྲི་1400ཙམ་ལ་བརྟག་དཔྱད་བྱེད་དགོས་ཀྱི་ཡོད།  སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་པའི་གླེང་མང་བའི་གནད་དོན་ལ་ལན་སྔར་བས་ཡག་པོ་འདེབས་ཆེད།  འདས་ཟིན་པའི་ཡོངས་ཁྱབ་ཞིབ་བཤེར་དང་བསྡུར་ཚེ་ད་ཐེངས་ཀྱི་བརྟག་དཔྱད་ནང་གྲོང་རྡལ་ཅན་གྱི་སྤུས་ཚད་དང་བུ་བཙའི་འདོད་འདུན་མཚོན་པའི་དམིགས་ཚད་ཁག་གཅིག་མང་དུ་འོས་འཚམ་གཏོང་སྲིད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1