༄༅།། དགའ་ཕྱོགས་འཛིན་གྲྭ་ཇི་ལྟར་སྤེལ་ན་སློབ་སྦྱོང་སྤྲོ་སྣང་དེ་ལྟར་འཕེལ།

མགོན་པོ་ཚེ་བརྟན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-29


མགོན་པོ་ཚེ་བརྟན།


  

        དཔྱིད་འགོ་མའི་ཟླ་གསུམ་པར་རི་ལུང་ལ་ལྗང་མཉེན་རྒྱས་ཤིང་།  ཞིང་ཁར་བཏབ་པའི་ས་བོན་ལ་རེ་བའི་མྱུ་གུ་འབུས།  དཔྱིད་འགོ་མའི་ཟླ་གསུམ་པར་སློབ་འགོ་གསར་ཚུགས་ཀྱི་སློབ་གླིང་དུ།  བྱིས་པ་ཚོས་དཔེ་ཀློག་གི་སྒྲ་དབྱངས་ཁུ་བྱུག་སྔོན་མོའི་གསུང་སྙན་ལ་འགྲོགས་ནས་ལྷང་ལྷང་དུ་གྲགས་ཤིང་།  བྲིས་པའི་ཡི་གེ་ནག་ཆུང་དང་མཛེས་རིས་རེ་རེ་དགེ་སློབ་ཀུན་གྱིས་མིག་གི་དགའ་སྟོན་དུ་དྲངས།  ལྡེམ་མྱུར་གྱི་གར་སྟབས་དང་སྙན་ཞིང་འཇེབས་པའི་རྡུང་ལེན་རེ་རེས་སློབ་གྲྭའི་ཁོ་ར་ཁོར་ཡུག་ལ་གསོན་ཤུགས་ཤིག་དང་སྟོབས་ཤུགས་ཤིག  རེ་བ་ཞིག་ངམ་ངམ་ཤུགས་ཤུགས་སུ་བསྩལ། དེ་ནི་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གིས་སློབ་ཁྲིད་ཞོར་དུ་དགའ་ཕྱོགས་འཛིན་གྲྭ་སྤེལ་བའི་རྣམ་པ་ཞིག་རེད། 

         རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ནི་ཚོང་བ་ཁ་ཤུལ་ཚེ་རིང་གིས་མི་དམངས་ཤོག་སྒོར་ཁྲི54བཏང་ནས་1988ལོར་གསར་དུ་བཞེངས་ཤིང་། 1990ལོར་སློབ་འགོ་ཚུགས་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན་ལ། མིང་ལ་རྔ་བ་རྫོང་གངས་ལྗོངས་ཚོང་བའི་སློབ་གྲྭ་ཞེས་བཏགས། 2001ལོའི་3པར་གཞུང་གཉེར་སློབ་གྲྭར་བསྒྱུར་བར་མ་ཟད། མིང་ལ་རྔ་བ་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་ཞེས་བཏགས།  ད་ལྟ་སློབ་གྲྭ་ཡོངས་ལ་སློབ་མ་1277དང་འཛིན་གྲྭ་20་དང་ལས་བཟོ་བ་90ལྷག་ཡོད།

        སྐད་གཉིས་ཡོན་ཏན་པ་དང་མི་རིགས་རིག་གནས་རྒྱུན་འཛིན་པ་ཆུང་དུས་ནས་གསོ་སྐྱོང་དང་། མི་རིགས་རིག་གནས་རྒྱུན་འཛིན་གྱི་རྟེན་གཞི་འཛུགས་ཆེད།  སྔ་རྗེས་སུ་རྐང་འཛིན་དགེ་རྒན་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་རྒྱུན་འཛིན་པ། སློབ་གསོའི་ཆེད་མཁས་པ་སོགས་གདན་དྲངས་ཏེ་ཡང་ནས་ཡང་དུ་བགྲོས་ཤིང་བསམ་འཆར་མང་དུ་བསྡུས་རྗེས། སློབ་གྲྭ་དེས་2014ལོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དཀྲོལ་རྡུང་དང་རི་མོ། ཞབས་བྲོ་སོགས་དགའ་ཕྱོགས་འཛིན་གྲྭ་11བཙུགས་། དུས་དེ་ནས་བཟུང་སློབ་གྲྭ་ཡོངས་ཀྱི་དགེ་རྒན་ལ་ཁྲིད་པའི་མོས་པ་ཆེ་ཞིང་། སློབ་མ་ལ་སློབ་པའི་སྤྲོ་སྣང་དྲག་ཏུ་རྒྱས། སློབ་མ་རེ་རེ་དགའ་ཕྱོགས་འཛིན་གྲྭར་ཞུགས་ནས་རང་རང་གི་དགའ་ཕྱོགས་ལྟར་སློབ་སྦྱོང་ལ་བརྩོན་པའི་རྟ་བོར་ལྕག་གིས་སྐུལ་བཞིན་གདའ། 

        ཡིག་གཟུགས་འཛིན་གྲྭ་དང་རྡུང་ལེན་འཛིན་གྲྭ  རི་མོ་འཛིན་གྲྭ  གླུ་གར་འཛིན་གྲྭ། རྐང་རྩེད་སྤོ་ལོའི་འཛིན་གྲྭ་སོགས་དགའ་ཕྱོགས་འཛིན་གྲྭ11ཡོད་ལ།  སློབ་མ་400ལྷག་གིས་རང་གི་དགའ་ཕྱོགས་ལྟར་འཛིན་གྲྭ་བདམས་ནས་རང་གི་འཇོན་རྩལ་སྔོག་འདོན་དང་གསོ་སྐྱོང་བྱེད་བཞིན་ཡོད་པར་མ་ཟད། སློབ་མ་རེ་རེའི་བསླབ་ལ་བརྩོན་པའི་མོས་པ་དང་སྤྲོ་སྣང་ཆེ་རུ་བསྐྱེད་ཐུབ། རང་གི་དགའ་ཕྱོགས་ཀྱི་སྦྱོང་ཚན་ཁོ་ན་མིན་པར།  རྒྱ་བོད་སྐད་གཉིས་དང་རྩིས་རིག་སོགས་བསླབ་ཚན་ལ་བརྩོན་པའི་སྤྲོ་སྣང་ཡང་ཆེ་རུ་འགྲོ་བས། སློབ་མ་དག་སྒོ་ཀུན་ནས་ཡར་ཐོན་ཡོང་བར་ཕན་པ་ཆེ་ཞེས་དགའ་ཕྱོགས་འཛིན་གྲྭའི་དགེ་རྒན་སྐལ་བཟང་ཚེ་རིང་གིས་གསར་འགོད་པར་དེ་ལྟར་བཤད།

        ང་ནི་རི་མོ་འཛིན་གྲྭ་ཡི་སློབ་མ་ཞིག་ཡིན།  སྔོན་ཆད་སློབ་སྦྱོང་ལ་འབད་སེམས་དང་མོས་པ་དེ་འདྲ་མི་ཆེ་མོད། དགའ་ཕྱོགས་འཛིན་གྲྭ་འདིར་ཞུགས་རྗེས་རི་མོ་སྦྱོང་བའི་མོས་པ་ཆེ་རུ་སོང་བར་མ་ཟད། བསླབ་ཚན་གཞན་དག་ལའང་འབད་པའི་འདུན་པ་ཇེ་དྲག་ཏུ་སོང་ཞེས་དགའ་བའི་འཛུམ་ཆུང་གྲོལ་བཞིན་སློབ་མ་ཡར་འཕེལ་གྱིས་གསར་འགོད་པར་བཤད།

        དགའ་ཕྱོགས་འཛིན་གྲྭ་བཙུགས་རྗེས།  སློབ་མ་ཚོའི་སློབ་གསེང་གི་འཚོ་བ་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་སོང་ཡོད་ལ།  སློབ་མ་ཚོར་ཤེས་བྱ་གསར་བ་དང་གྲོགས་པོ་གསར་བར་འབྲེལ་འདྲིས་བྱེད་པའི་གོ་སྐབས་ཇེ་མང་དུ་སོང་སྟེ།  སློབ་མའི་བློ་རྒྱ་ཆེར་བསྐྱེད་དང་སྤྲོ་སྣང་ལྡན་པའི་གཤིས་ཀ་གསོ་སྐྱོང་ལ་ཕན་པ་ཤིན་ཏུ་ཆེ་བ་མ་ཟད། སློབ་མའི་རེ་རེའི་ལྐོག་གནས་འཇོན་ནུས་སྔོག་འདོན་དང་གསོ་སྐྱོང་ཐུབ་པས་དགའ་ཕྱོགས་འཛིན་གྲྭ་འདི་མུ་མཐུད་དུ་བསྒྲུབ་རྩིས་ཡོད་ཅེས་སློབ་གཙོ་གནས་ཆུང་གིས་གསར་འགོད་པར་བཤད་བྱུང་། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1