ནོར་གནག་ཉེན་འགོག་འགན་ལེན་གྱིས་འབྲོག་པའི་བློ་སེམས་བདེ་རུ་ཕབ།

གསར་འགོད་པ་ཚེ་དཔག་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 03-31


     ཕྱུགས་འཚོ་བ་ནི་ཧུང་ཡོན་འབྲོག་དམངས་ཀྱི་ཐོན་ལས་ཀྱི་སྲོག་ཤིང་ལྟ་བུར་གྱུར་པའི་སྲོལ་རྒྱུན་ཐོན་ལས་ཤིག་ཡིན་ལ། རྫོང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ཡོང་འབབ་གཙོ་བོའང་ཡིན།
     བོད་ཁུལ་གྱི་ནོར་གནག་ཉེན་འགོག་འགན་ལེན་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་རོགས་དངུལ་སྟེར་བའི་ཞིང་ལས་ཉེན་འགོག་འགན་ལེན་གྱི་རིགས་ཤིག་ཡིན་ལ། ཀྲུང་ཧང་ཨན་མེང་ནོར་སྲིད་ཉེན་འགོག་འགན་ལེན་ཀུང་སིས་2013ལོ་ནས་བཟུང་། ཐོག་མར་རྔ་བ་ཁུལ་ཧུང་ཡོན་རྫོང་དུ་ནོར་གནག་ཉེན་འགོག་འགན་ལེན་ལས་ཀ་རྒྱ་ཆེར་སྤེལ་ནས། ཕྱུགས་འཚོའི་ཉེན་ཁ་འགན་བླངས་བས་རང་བྱུང་གི་གནོད་འཚེ་བྱུང་ཡང་འབྲོག་པ་མང་ཚོགས་ལ་སེམས་ཁྲལ་མེད་པར་གྱུར། 
     2013ལོར་ནོར་གནག་ཉེན་འགོག་འགན་ལེན་གྱི་སྐྱིན་ཚབ་སྤྲོད་དངུལ་གནད་ལ་འབབ་ཆེད། ཉེན་འགོག་འགན་ལེན་གྱི་འབྲེལ་ཡོད་མི་སྣས་དུས་ཡུན་ཉིན་40ལྷག་གི་རིང་དཀའ་བ་གདོང་གིས་བསུས་ནས་ཉིན་མོར་ཉེན་འགོག་འགན་ལེན་དུ་ཞུགས་པའི་ནོར་གནག་ལ་རྣ་རྟགས་བརྒྱབ་པ་དང་མཚན་མོར་ཉེན་འགོག་འགན་ལེན་གྱི་མིང་ཐོ་རུ་དེ་དག་བསྡུ་སྒྲིག་བྱས་ནས། ནོར་གནག་ཉེན་འགོག་འགན་ལེན་ལས་ཀར་རྨང་གཞི་བརྟན་པོ་བཏིང་། 

        འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་པ་ལྟར་ན། 2013ལོར་ནོར་གནག་ཉེན་འགོག་འགན་ལེན་ལག་བསྟར་བྱས་ཚུན་ནས་ལོ་ངོ་གསུམ་རིང་ལ་འབྲོག་དུད་རེར་ཆ་སྙོམས་གྱོང་གུད་སྒོར་ཁྲི་3ལྷག་ཇེ་ཉུང་དུ་སོང་ཡོད། ནོར་གནག་ཉེན་འགོག་འགན་ལེན་ལག་ཏུ་བསྟར་པ་ནས་ཧུང་ཡོན་རྫོང་གཙོ་བྱས་པའི་རྔ་བ་ཁུལ་གྱི་འབྲོག་པ་མང་ཚོགས་ཁྲི་10ལྷག་གི་གྱོང་གུད་དང་སེམས་ཁྲལ་བསལ། ཧུང་ཡོན་རྫོང་ལ་མཚོན་ན། 2013ལོ་ནས་2016ལོའི་བར་ཁྱོན་ནོར་གནག་ཁྲི་112.317ཀྲུང་ཧང་ཨན་མེང་ནོར་སྲིད་ཉེན་འགོག་འགན་ལེན་ཀུང་སིའི་ཉེན་འགོག་འགན་ལེན་དུ་ཞུགས་ཤིང་། ཉེན་འགོག་ཏུ་ཞུགས་རིན་སྒོར་ཁྲི་13477.86བླངས་ལ། འབྲོག་དུད་84225ལ་སྐྱིན་དངུལ་དུང་ཕྱུར་1.42ཕྱིར་སྤྲད་པ་རེད། 

        ཀྲུང་ཧང་ཨན་མེང་ནོར་སྲིད་ཉེན་འགོག་འགན་ལེན་ཀུང་སི་དང་སྲིད་གཞུང་གཉིས་མཉམ་འབྲེལ་སྒོས་ནོར་གནག་ཉེན་འགོག་འགན་ཉེན་ལག་ཏུ་བསྟར་པ་དེས་འབྲོག་པ་མང་ཚོགས་ཀྱི་གྱོང་གུད་རྒྱ་ཆེར་བསལ་བ་རེད། 2015ལོར་ནོར་གནག་ཉེན་འགོག་ཏུ་ཞུགས་ཚད་513720རུ་བསླེབས་ཤིང་། ལོ་དེའི་དཔྱིད་ཀར་རྒྱུན་མཐུད་དུ་ཁ་བ་བབས་པ་དང་གྲང་ངར་ཆེ་བ་སོགས་གནམ་གཤིས་ངན་པས་ནོར་གནག་ཤི་ཚད་ཇེ་མང་དུ་སོང་སྟེ། འབྲོག་དུད་36420ལྷག་ལ་ནོར་གནག་ཉེན་འགོག་འགན་ལེན་གྱི་ཁེ་ཕན་ཐོབ་པ་རེད། 

        2016ལོ་ནས་བཟུང་ཀྲུང་ཧང་ཨན་མེང་ནོར་སྲིད་ཉེན་འགོག་འགན་ལེན་ཀུང་སི་དང་ཧུང་ཡོན་རྫོང་སྲིད་གཞུང་གཉིས་མཉམ་འབྲེལ་སྒོས་རྣམ་པ་གསར་བའི་རྣ་རྟགས་ཉོ་སྒྲུབ་བྱས་པར་མ་ཟད་གློག་རྡུལ་ཕྱགས་འགོད་དཔྱད་ཆས་ཆ་ཚང་སྤྲད་ནས་རྣམ་པ་གསར་བའི་རྣ་རྟགས་དོ་དམ་མཉེན་ཆས་བཀོལ་བཞིན་ཡོད། མ་ལག་དེས་ནོར་གནག་ཉེན་འགོག་འགན་ལེན་གྱི་འབྲི་གཡག་གློག་རྡུལ་ཡིག་ཚགས་ནས་ངོས་འཛིན་དང་དོ་དམ་བྱེད་ཐུབ་ལ། དྲ་ཐོག་ནས་སྐྱིན་དངུལ་སྤྲོད་པ་དང་སྐྱེས་དངོས་ཁུངས་གཏུག གནོད་མེད་ཅན་དུ་བསྒྱུར་བ་སོགས་ཀྱི་ཕན་ནུས་ལྡན་པ་མ་ཟད། ལས་ཀའི་ནུས་པ་མཐོར་འདེགས་དང་ལས་ཆོད་ཚད་ལྡན་ཅན་དུ་གཏོང་བ། ནོར་གནག་ཐོན་ལས་དེང་རབས་ཅན་དུ་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས། ད་ལྟ་ཀུང་སིས་སྣེ་ཁྲིད་འོག་ཡུལ་སྡེ་སོ་སོར་ནོར་གནག་ཉེན་འགོག་འགན་ལེན་གྱི་ལས་སྒྲུབ་ས་ཚིགས་རེ་བཙུགས་ཡོད་པས། ད་ལྟ་ནོར་གནག་ཉེན་འགོག་འགན་ལེན་གྱི་ཉེན་འགོག་ཏུ་ཞུགས་སྐབས་རྣ་རྟགས་རྒྱག་པ་དང་སྐྱིན་ཚབ་སྤྲོད་དངུལ་ལེན་སྐབས་ཀྱི་འབྲོག་པའི་མིང་རྟགས་འགོད་པ་སོགས་ཀྱི་ལས་ཀའི་གོ་རིམ་ཚང་མ་ཡུལ་སྡེའི་ས་ཚིགས་སོ་སོ་ནས་བསྒྲུབ་ཀྱིན་ཡོད། རྫོང་ཡོངས་ནས་བོད་རྒྱ་སྐད་གཉིས་ཤེས་པའི་ཉེན་འགོག་འགན་ལེན་ལས་ཀའི་མི་སྣ་27གདན་ཞུ་བྱས་ནས་ལས་དོན་དོན་འཁྱོལ་ཡོང་བ་ཁག་ཐེག་བྱས།

        ནོར་གནག་ཉེན་འགོག་འགན་ལེན་སྐོར་གླེང་དུས་ཧུང་ཡོན་གསེར་དེའུ་གྲོང་རྡལ་གྱི་འབྲོག་པ་བཀྲ་ཤིས་ཀྱིས་གདོང་ལ་འཛུམ་ཞིག་ལངས་ནས། ནོར་གནག་ཉེན་འགོག་འགན་ལེན་ནི་ང་ཚོ་འབྲོག་པ་ཚོར་ཕན་ཐོགས་ཤིན་ཏུ་ཆེ་བའི་དོན་བཟང་ཞིག་རེད། ངེད་ཚང་ལ་ནོར་གནག་ཉིས་བརྒྱ་ལྷག་ཡོད་ལ། ཚང་མ་ཉེན་འགོག་འགན་ལེན་དུ་ཞུགས་ཡོད ། 2015ལོའི་དཔྱིད་ཀ་རྒྱུན་མཐུད་ཁ་བ་ཆེན་པོ་འབབ་པ་དང་གྲང་ངར་ཆེ་བ་སོགས་ཀྱི་གནམ་གཤིས་ངན་པས་ངེད་ཚང་གི་ནོར་གནག་ལ་ཤི་རྐྱེན་མང་པོ་ཐེབས་མོད། ནོར་གནག་ཉེན་འགོག་འགན་ལེན་དུ་ཞུགས་ཡོད་པས་གྱོང་གུད་ཕལ་ཆེར་གསབ་བྱུང་ཞེས་བཤད། ནོར་གནག་ཉེན་འགོག་འགན་ལེན་དུ་ཞུགས་པར་ཀྲུང་དབྱང་དང་ཁུལ། རྫོང་སོགས་རིམ་པ་སོ་སོའི་སྲིད་གཞུང་གིས་རོགས་སྐྱོར་བྱས་པར་བརྟེན། ང་ཚོ་འབྲོག་པ་རང་གིས་ནོར་གནག་རེར་སྒོར་24ལས་སྤྲོད་མི་དགོས། འགན་ལེན་དུ་ཞུགས་ན་ཡར་རུ་ཞིག་ཤི་ན་ཡང་སྒོར་1000རེའི་སྐྱིན་ཚབ་ཡོད་པས་། ངེད་ཚང་ལ་མཚོན་ན་ལོ་གཅིག་ལ་མ་མཐའ་ཡང་ནོར་གནག་ཆེ་ཆུང་10ལྷག་ཤི་ཁོ་ཐག་ཡིན་པས་ནོར་གནག་ཉེན་འགོག་འགན་ལེན་འདིས་ང་ཚོའི་གྱོང་གུད་དངོས་སུ་གསབ་པས་འཚོ་སྐྱོང་གི་སེམས་ཁྲལ་ཆེན་པོ་སེལ་ཐུབ་པ་རེད་ཅེས་སྦྲ་ཆེན་གྲོང་རྡལ་རུ་ཁག་བཞི་བའི་འབྲོག་པ་སྐར་རྒྱམ་གྱིས་གསར་འགོད་པར་བཤད། 

        སྡེ་བ་རེ་ལ་བོད་རྒྱ་སྐད་གཉིས་ཤེས་པའི་ནོར་གནག་ཉེན་འགོག་འགན་ལེན་ལས་མཁན་རེ་ཡོད། ད་ལོར་དགུན་དུས་སུ་གནམ་གཤིས་ལེགས་པས་ཡིན་ནམ་དཔྱིད་མགོར་ཁ་བ་ཆེན་པོ་རྒྱུན་མཐུད་ངང་བབས་ཀྱང་ང་ཚོ་སྡེ་བ་འདི་དང་སྤྱིར་རྫོང་ཡོངས་ཀྱི་ནོར་གནག་ཤི་ཚད་སྔར་ལོ་དག་ལས་ཀྱང་ཉུང་ཉུང་ཡིན། ནོར་གནག་ཉེན་འགོག་འགན་ལེན་གྱི་ལས་ཀ་ནི་རྒྱ་ཆེའི་འབྲོག་པ་མང་ཚོགས་ལ་ཁེ་ཕན་སྦྱིན་པའི་དམངས་ཕན་གྱི་ལས་དོན་བཟང་པོ་ཞིག་དང་འབྲོག་པ་ཚོའི་སེམས་ཁྲལ་སེལ་བའི་ཐབས་མཆོག་ཅིག་རེད་ཅེས་གསེར་དེའུ་གྲོང་རྡལ་རོང་ཐ་སྡེ་བའི་ཉེན་འགོག་འགན་ལེན་ལས་ཀ་བ་བསོད་ནམས་དབང་མོས་གསར་འགོད་པར་བཤད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1