༄༅།།དབང་སྲུང་།

ཀོ་དོ་མཁན་པོས་བྲིས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-06


དབང་སྲུང་གིས་པར་མཁོ་འདོན་བྱས། ཀོ་དོ་མཁན་པོས་བྲིས།
     
 ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་།
        རྒྱལ་མོ་ཚ་བ་རོང་གི་ན་གཞོན་ལྷ་བཟོ་སྒྱུ་རྩལ་པ་དབང་སྲུང་ནི་༡༩༧༤ལོའི་ཟླ་༩བའི་ཚེས་༡༩ཉིན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་ཚོ་བདུན་ཡུལ་ཚོར་སྐྱེས། ཁོང་ཉིད་ན་ཆུང་སློབ་གྲྭར་འགྲིམ་དུས་ནས་རང་བྱུང་གི་མཛེས་ལྗོངས་རི་ལུང་རྩྭ་ཆུ་དང་བྱ་རིགས་མི་ཕྱུག་སོགས་ཀྱི་གཟུགས་དབྱིབས་འབྲི་བ་ལ་དགའ་ཞེན་ཆེ་ཞིང་བློ་སྐྱེ་འཕེལ། ན་གཞོན་ལྷ་བཟོ་བ་དབང་སྲུང་གི་ཕ་དཔལ་ལྡན་ནི་རྒྱལ་རོང་ཡུལ་ཕྱོགས་ན་སྙན་གྲགས་ཆེ་བའི་ལྷ་བཟོ་ཞིག་ཡིན་པས། ཁོང་ཉིད་ཆུང་དུས་ནས་ཕ་ཡབ་ཀྱི་མདུན་ནས་རང་བྱུང་གི་མཛེས་ལྗོངས་དང་བོད་ཀྱི་སྲོལ་རྒྱུན་རི་མོ་ཐང་ག་སོགས་འབྲི་རྩལ་སྦྱངས་ནས་རང་མགོ་འཕེར་དུས། ལྷ་ས་དང་མཚོ་སྔོན། དཀར་མཛེས་སོགས་ཀྱི་དགོན་པ་ཁག་ཏུ་ཐང་ག་དང་། ཧྲང་ཧའེ་དང་ཐེན་ཅན། ཁྲེང་ཏུའུ། གཟི་རྩ་སྡེ་དགུ་སོགས་ཀྱི་ཟློས་གར་ཚོགས་ཁང་དང་ཟ་ཁང་། མགྲོན་ཁང་སོགས་སུ་བོད་ཀྱི་སྲོལ་རྒྱུན་རི་མོ་སོགས་མང་བོ་བྲིས་མྱངས།
 བཀྲ་ཤིས་རྟགས་བརྒྱད།

        ཁོང་ཉིད་ལོ་ངོ་ཉི་ཤུ་རིང་གི་རི་མོ་འབྲི་བའི་ཆུ་རྒྱུན་གྱི་ལམ་བུ་ཁྲོད་དུ་དཀའ་སྤྱད་སྡུག་རུས་དང་འབད་བརྩོན་ལྷོད་མེད་བྱས་ཏེ་བྲིས་པའི་ཐང་ག་སྒྲོལ་ལྗང་དང་རྗེ་ཙོང་ཁ་པ། འཇམ་པའི་དབྱངས་སོགས་ཕུལ་བྱུང་གི་བརྩམས་ཆོས་མང་པོ་རྒྱལ་ཁབ་ཕྱི་ནང་གི་དད་ལྡན་མང་ཚོགས་ཀྱིས་ཉར་ཚགས་དང་བཤམས་སྟོན་བྱས་ཡོད། ཁོང་གིས་ད་རུང་མུ་མཐུད་དུ་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་རྒྱ་མཚོ་ཆེན་པོ་ཁྲོད་དུ་རང་གི་ནུས་པ་ཡོད་ཚད་དང་སྟོབས་ཤུགས་ཡོད་དགུ་དེ་ཕྱོགས་སུ་འབུལ་རྒྱུ་ཡིན་ཞེས་གསར་འགོད་པ་ལ་བཤད།།

རྗེ་ཙོང་ཁ་པ།


སྒྲོལ་ལྗང་།
        དབང་སྲུང་ནི་༡༩༧༤ལོའི་ཟླ་༩བའི་ཚེས་༡༩ཉིན་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ལྟེ་གནས་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་གྲོང་ཁྱེར་གྱི་ཚོ་བདུན་ཡུལ་ཚོ་ཀ་ཁྱོ་རིས་གྲོང་སྡེར་སྐྱེས་ནས་འཚར་ལོངས་བྱུང་བ་རེད། ཁོང་ཉིད་ན་ཆུང་སློབ་གྲྭ་ཆུང་འབྲིང་དུ་འགྲིམ་དུས་ནས་རང་བྱུང་གི་མཛེས་ལྗོངས་རི་ལུང་རྩྭ་ཆུ་དང་བྱ་རིགས་མི་ཕྱུག་སོགས་ཀྱི་གཟུགས་དབྱིབས་འབྲི་བ་ལ་དགའ་ཞེན་ཆེ་ཞིང་བློ་སྐྱེའང་འཕེལ།
        བོད་ཀྱི་ན་གཞོན་སྒྱུ་རྩལ་བ་དབང་སྲུང་གི་ཕ་ཡབ་ལྷ་བཟོ་དཔལ་ལྡན་ནི་བོད་ཡུལ་དུ་སྐད་གྲགས་ཆེ་བའི་ལྷ་བཟོ་ཞིག་དང་ལྷག་ཏུ་རྒྱལ་རོང་ཡུལ་ཕྱོགས་ན་སྙན་གྲགས་ཧ་ཅང་ཆེ་བའི་སྒྱུ་རྩལ་བ་ཞིག་ཀྱང་ཡིན། ཁོང་ཉིད་ཀྱིས་གསོ་སྐྱོང་བྱས་པའི་སློབ་མ་དང་བརྩམས་ཆོས་སོགས་ཀྱི་མཛད་འབྲས་ནི་ཆར་ཤུལ་གྱི་མྱུ་གུ་བཞིན་དུ་འབྲས་བུ་སྨིན་གྱིན་ཡོད་ལ། ལྷ་བཟོ་དབང་སྲུང་ནི་དེ་དག་ཁྲོད་ཀྱི་སྦྱངས་འབྲས་སྨིན་པའི་ན་གཞོན་སྒྱུ་རྩལ་བ་ཞིག་ཡིན། ཁོང་ཉིད་ཆུང་དུས་ནས་ཕ་ཡབ་ཀྱི་མདུན་ནས་རང་བྱུང་གི་མཛེས་ལྗོངས་དང་བོད་ཀྱི་སྲོལ་རྒྱུན་རི་མོ་ཐང་ག་སོགས་འབྲི་ཀློག་སྦྱོང་གསུམ་བྱས་པ་མ་ཟད། ཡུལ་ཕྱོགས་སོ་སོར་སོང་ནས་དགེ་རྒན་མང་བོ་བརྟེན་ཏེ་བོད་ཀྱི་སྲོལ་རྒྱུན་གྱི་བཟོ་རྩལ་དང་དེང་རབས་ཀྱི་བཟོ་རྩལ་སྦྱངས་ནས་རང་གི་ཁྱད་ཆོས་ལྡན་པའི་བཟོ་རྩལ་གྱི་ལམ་བུ་གསར་བ་ཞིག་སྤེལ་གྱིན་ཡོད།

སློབ་དཔོན་པད་མ་འབྱུང་གནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1