སློབ་ཡུན་བབ་བསྟུན་བྱེད་ཆོག་ཀྱང་སློབ་སྦྱོང་ལ་འཐེན་བསྐུམ་བྱས་ན་མི་འགྲིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-07


        ཉིན་ཤས་གོང་སློབ་གསོ་པུས《མཐོ་རིམ་སློབ་གྲྭ་དཀྱུས་མའི་སློབ་མའི་དོ་དམ་གཏན་འབེབས》ལ་བཟོ་བཅོས་བརྒྱབ་ནས་སློབ་མཚམས་བཞག་ནས་ལས་གཏོད་བྱེད་པའི་བབ་བསྟུན་སློབ་ཡུན་ལམ་ལུགས་བཟོས་ཏེ་སློབ་གྲྭས་གནས་ཚུལ་ལ་གཞིགས་ནས་བབ་བསྟུན་གྱི་སློབ་སྦྱོང་ལམ་ལུགས་འཛུགས་པ་དང་ལག་ལེན་བསྟར་ཆོག་པ་མ་ཟད། སློབ་མཚམས་བཞག་ནས་ལས་གཏོད་བྱེད་མཁན་སློབ་མར་སློབ་སྦྱོང་བྱེད་པའི་ལོ་ཚད་རིང་ཤོས་ལོགས་སུ་གཏན་འབེབས་བྱེད་ཆོག
        སྐར་འགོད་ལམ་ལུགས་རྨང་གཞིར་བྱས་ནས་བབ་བསྟུན་སློབ་ཡུན་ལ་སྐུལ་འདེད་གཏང་རྒྱུ་ནི་མཐོ་རིམ་སློབ་གསོ་འདི་ཉིད་དམངས་བྱིངས་ཅན་གྱི་དུས་མཚམས་སུ་སླེབས་རྗེས་འཛམ་གླིང་རྒྱལ་ཁབ་ཁག་གིས་སློབ་ཆེན་སློབ་མར་ལས་གཏོད་ལས་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་བའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་རེད། སློབ་མཚམས་བཞག་ནས་ལས་གཏོད་བྱེད་པའི་བབ་བསྟུན་གྱི་སློབ་ཡུན་བཟོ་བ་དེས་གསར་གཏོད་ལས་གཏོད་བྱེད་མཁན་སློབ་མའི་ཕུགས་ཀྱི་སེམས་ཁྲལ་སེལ་རྒྱུར་ཕན་ཐོགས་ཡོད་པ་སྟེ། སློབ་མཚམས་བཞག་ནས་ལས་གཏོད་བྱེད་པ་དེས་བྱ་གཞག་ཆེད་དཀའ་སྤྱད་འབད་འཐབ་བྱེད་ཆོག་ལ་སློབ་གྲྭར་ལོག་ནས་མུ་མཐུད་སློབ་སྦྱོང་བྱས་ཏེ་སླད་ཕྱིན་ལས་ཀ་གཞན་ཡང་བྱེད་ཆོག་གི་ཡོད། 
        བབ་བསྟུན་སློབ་ཡུན་ལག་ལེན་བསྟར་བ་དེས་རང་ཐག་རང་གཅོད་བྱེད་དབང་མང་པོ་ཞིག་སློབ་མར་རག་ནས་ཁོང་ཚོས་འཚོ་བ་དང་། སློབ་སྦྱོང། ལས་ཀ་བཅས་ལ་རང་སོ་སོའི་ཁྱད་ཆོས་ལྡན་པ་དང་སྣ་མང་ཅན་གྱི་བཀོད་སྒྲིག་བྱེད་པ་ནི་སློབ་གསོའི“མི་རྩ་བར་འཛིན་པ”དང“སྣོད་བསྟུན་སློབ་ཁྲིད”ཀྱི་རྩ་དོན་དང་མཐུན་པ་ཞིག་རེད། འོན་ཀྱང་བབ་བསྟུན་སློབ་ཡུན་ལག་ལེན་བསྟར་བ་དེ་སློབ་མ“རྒྱ་ཡན་དུ་གཏོང་བ”ཞིག་མིན་ལ་བབ་བསྟུན་སློབ་ཡུན་གྱི་མིང་འཁྱེར་ནས་སློབ་སྦྱོང་ལ་འཐེན་སྐུམ་བྱས་པ་ཞིག་དེ་བས་ཀྱང་མིན།
        བབ་བསྟུན་གྱིས་ལྷོད་གཡེང་མཚོན་གྱི་མེད། བབ་བསྟུན་སློབ་ཡུན་ལ་དམིགས་ཏེ་སློབ་གྲྭས་རིམ་པ་མང་བའི་དོ་དམ་སྒྱུར་བཅོས་དང་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་བྱེད་པར་ཕྱོགས་གཅིག་ནས་སློབ་སྦྱོང་སྒྲིག་སྲོལ་གྱི་དོ་དམ་ནན་དུ་བཏང་སྟེ་གཟབ་ནན་ཏན་ཏིག་གི་སློབ་སྲོལ་དང་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་སྐྱོང་སྤེལ་བྱེད་པ་དང་། འཚོལ་ཞིབ་བྱེད་ཕོད་པའི་སྙིང་སྟོབས་དང་ཏན་ཏིག་གི་རྩལ་ནུས་ལ་བརྟེན་ནས་སློབ་མར་གསར་གཏོད་ལས་གཏོད་ཀྱི་ལག་ལེན་ནང་ཞུགས་པའི་དགོས་ངེས་ཀྱི་ཤེས་བྱ་དང་། འཇོན་ཐང་། ལག་རྩལ་བཅས་ཁོང་དུ་ཆུད་རྒྱུར་རོགས་རམ་བྱེད་དགོས་པ་དང་། གཅིག་ཤོས་ནས་སློབ་མའི་རང་ཐག་རང་གཅོད་བྱེད་དབང་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་ཐོག་སློབ་ཁྲིད་བྱེད་རིང་གི་དགེ་རྒན་གྱི་མཛུབ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་སློབ་མའི་སྣེ་ཁྲིད་དེ་སློབ་སྦྱོང་གི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་བྱས་ནས་ལས་གཏོད་བྱ་རྒྱུ་དེ་སློབ་སྦྱོང་བདེ་བླག་བྱུང་རྗེས་ཀྱི་རྨང་གཞིའི་ཐོག་འཛུགས་ཐུབ་པ་བྱེད་དགོས།
        སློབ་མ་ཞིག་ཡིན་པའི་ངོས་ནས་ཕུགས་འདུན་འཆང་བ་དང་ཏན་ཏིག་གི་སྒོ་ནས་རྨང་གཞིའི་ཤེས་བྱ་སློབ་སྦྱོང་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། ཆེད་ལས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ལ་མཐོང་ཆེན་བྱེད་པ། ཆེད་ལས་རྩལ་ནུས་ཀྱི་སྦྱོང་བརྡར་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་གསར་གཏོད་ལས་གཏོད་ཆེད་འཇོན་ཐང་ཆེ་རུ་གཏོང་དགོས། སློབ་སྦྱོང་གི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་ཚེ་ད་གཟོད་ལས་གཏོད་ཀྱི་འཁོར་རྒྱ་དེ་བས་ཆེན་པོ་ཞིག་ཡོང་ཐུབ།
     (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང་།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1