གསེར་རྟ་རྫོང་གི་སྔོ་ཚལ་ལ་གོང་ཚད་གསལ་བའི་ཤོག་བྱང་བཏགས།

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-15


    གསེར་རྟ་རྫོང་གི་སྔོ་ཚོད་ཁྲོམ་ར་ནས་འབྲོག་པ་གཡང་སྐྱིད་ཀྱིས་བཤད་རྒྱུར།   སྔོན་མར་སྔོ་ཚོད་ཉོ་བའི་སྐབས་སུ།   ཚོང་པ་སོ་སོའི་སྔོ་ཚལ་གྱི་རིན་གོང་མི་གཅིག་ལ།   ནམ་ཡིན་ཡང་གོང་ཚད་ཕར་བཤད་ཚུར་བཤད་ཐེངས་མང་པོ་བྱས་དགོས།   ད་སྐབས་སྔོ་ཚོད་ཚང་མ་ལ་ཤོག་བྱང་བཏགས་ཡོད་པས།   ཚལ་ཉོ་ན་རྙོག་དྲ་མེད་ཅིང་སྟབས་ཤིན་ཏུ་བདེ་ཟེར།   གཡང་སྐྱིད་ཀྱི་སྐད་ཆར་ཉན་རྗེས་ཁྲོམ་རའི་ནང་ལ་བལྟས་པ་ན།   སྔོ་ཚལ་བཤམ་ས་ཚང་མ་ལ་རྒྱ་བོད་ཡི་རིགས་གཉིས་ཀྱི་སྒོ་ནས་ཚལ་རིགས་སོ་སོའི་རིན་གོང་ཤོག་བྱང་ཐོག་ཏུ་བྲིས་ཡོད་ཅིང་།   སྔོན་ཆད་མཐོང་རྒྱུ་མང་བའི་འབྲོག་པ་དང་ཚོང་པ་གཉིས་བར་ལ་རྐང་འཁྲབ་ལག་གཡུག་གི་གནས་ཚུལ་དེ་མེད་པར་གྱུར་འདུག 

ཚོད་གཟེབ་ཅེས་པའི་ལས་གཞི་འདི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་དམངས་འཚོའི་ལས་གཞི་དང་འབྲེལ་བ་ཆེ་ཞིང་།   ཁྲོམ་རའི་གོང་ཚད་མཐོ་དམའ་ནི་ཡོངས་ཀྱིས་གླེང་མོལ་བྱེད་རྒྱུ་གཙོ་བོར་གྱུར་ཡོད་པ་མ་ཟད།   ཚོགས་ཆེན་གཉིས་ཀྱི་འཐུས་མི་རྣམས་ཀྱིས་ཀྱང་སྙན་ཞུའི་ནང་དོན་ནང་མེད་དུ་མི་རུང་བ་ཞིག་ཡིན།   གསེར་རྟ་རྗོང་ནི་ས་བབ་མཐོ་ཞིང་ནམ་ཟླ་གྲང་བའི་འབྲོག་ཁུལ་ཡིན་པས།   སྔོ་ཚོད་དང་།   ཟས་རིགས་གཞན་པ་མང་པོ་ཞིག་ཕྱི་ཕྱོགས་ནས་ནང་འདྲེན་ཁོ་ན་ལ་རག་ལས།   ཡང་སྒོས་སུ་འགྲིམ་འགྲུལ་སྟབས་བདེ་མོ་མེད་པས།   ཚོང་པ་རྣམས་ཀྱིས་དུས་ནམ་ཡིན་ཡང་དེར་ཁ་གཡར་ནས་གོང་ཚད་ཆེ་མཐོར་བཏང་བ་དང་།   རྒྱུན་སྤྱོད་མཁོ་རྫས་སོགས་ཀྱི་གོང་ཚད་ཀྱང་གཏན་འཁེལ་མེད་པས།   རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བ་ལ་དཀའ་ལས་ཆེན་པོ་སྟེར།   གསེར་རྟ་རྫོང་གི་ཚོང་རྫས་དང་ཞབས་ཞུའི་ཁྲོམ་རའི་རིན་གོང་ཚད་ལྡན་དུ་བསྒྱུར་བའི་ཆེད་དང་།   ཚད་ལྡན་གྱི་ཁྲོམ་རའི་རིན་གོང་རྒྱུན་སྐྱོང་བའི་ཆེད།   འཛད་སྤྱོད་པའི་ཁྲིམས་མཐུན་གྱི་དབང་ཆ་སྲུང་སྐྱོང་བཅས་བྱེད་པའི་ཆེད་དུ།   རྫོང་གི་ཚོང་རྫས་ཞབས་ཞུ་ལས་རིགས་500ལྷག་ལ་བཅར་འདྲི་དང་མིང་ཐོ་བཀོད་པ་མ་ཟད།   ཚོང་བདག་དང་ཕན་ཚུན་གླེང་མོལ་བྱས་པ་བརྒྱུད་ནས།   རྒྱལ་ཁབ་ཀྱི་ཚོང་རྫས་རིན་གོང་སྐོར་གྱི་ཤེས་བྱ་ཁྱབ་བསྒྲགས་བྱས།   རྒྱ་ཡུལ་ས་ཁུལ་གྱི་ཐོན་སྐྱེད་ས་གནས་དང་སྡེབ་འཚོང་ཚོང་ར་སོགས་དང་འབྲེལ་བ་བྱས་ལ།   ཐག་ཉེ་བའི་རྫོང་དང་འབྲེལ་འདྲིས་བརྒྱུད་ནས་བྱ་ཐབས་ཡག་པོ་རྣམས་ལ་སློབ་སྦྱོང་དང་མིག་དཔེར་བལྟས་པ་མ་ཟད།   ཐབས་ལམ་མང་པོའི་སྒོ་ནས་བརྡ་འཕྲིན་འཚོལ་སྡུད་དང་།    བསམ་འཆར་བསྡུ་རུབ།   ཁྲིམས་ལུགས་རྒྱུས་ལོན།   དངོས་ཡོད་གནས་ཚུལ་བཅས་ལ་བསྟུན་ནས་གོང་ཚད་ཤོག་བྱང་ཐོག་ལ་བྲིས་པའི་ཁྲོམ་རའི་དོ་དམ་ལམ་ལུགས་སྤེལ།   

གཅིག་མཐུན་གྱིས་ཚོང་རྟགས་ལ་བརྟེན་ནས་ཅ་ལག་ཉོ་བ་དང་།   ཕྱོགས་ཡོངས་ནས་ཚོང་རྫས་ལ་ཤོག་བྱང་བཏགས་པའི་ལས་ཀ་དེ་ཚད་ལྡན་དུ་བསྒྱུར་བས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྟབས་བདེ་བསྐྲུན་པ་དང་།   ཁྲོམ་རའི་ཚོང་རྫས་རིན་གོང་གི་དོ་དམ་ཚད་ལྡན་དུ་བཏང་།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1