སྐྱ་གད་ཤང་གིས་དཔྱིད་རྨོད་ཐོན་སྐྱེད་བྱེད་འགོ་ཚུགས།

ཀུན་དགས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། སྤེལ་དུས། 04-13


        ཉེ་ཆར།  དར་མདོ་གྲོང་ཁྱེར་སྐྱ་གད་ཤང་གི་ཞིང་པ་ཚོས་ཀྱང་ས་ཆ་གཞན་དག་དང་འདྲ་བར་ཚང་མས་རང་རང་གི་ཞིང་ཁ་དང་ཞིང་ནང་ཀུན་ཏུ་ལ་ལས་ས་བོན་འདེབས་བཞིན་པ་དང་འགའ་ཞིག་གིས་ལུད་འདྲེན་བཞིན་པ། ཡང་འགའ་ཞིག་གིས་ལོག་བརྒྱབ་ནས་ཚ་ཚ་འུར་འུར་གྱིས་དཔྱིད་རྨོད་ལ་བྲེལ་བཞིན་འདུག
       གསར་འགོད་པ་ཞིང་ནང་དུ་འདྲུད་འཐེན་འཁོར་ལོ་བཏང་ནས་ལོག་རྒྱག་བཞིན་པའི་རྒྱལ་མཚན་གྱི་གམ་དུ་སོང་ནས་བཅར་འདྲི་བྱེད་སྐབས་ཁོས་ང་ཚོར་ཞིང་མུའུ23ཙམ་ཡོད་ཅིང་། སྔོན་ཆད་རྨོན་དོར་བསྡེབས་ནས་རྨོད་ལས་བྱེད་དུས་མ་མཐའ་ཡང་ཉིན་བདུན་བརྒྱད་ཙམ་འགོར་བ་རེད། དེང་སང་འདྲུད་འཐེན་འཁོར་ལོ་སྤྱད་ནས་དཔྱིད་རྨོད་བྱེད་དུས་ཉིན་གཉིས་གསུམ་ཙམ་ལས་མི་འགོར་བས་ངལ་རྩོལ་མི་ལག་ཉུང་དུ་གཏོང་ཆོག་ལ་སྟབས་ཀྱང་ཧ་ཅང་བདེ་པོ་འདུག  སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་ངེད་གྲོང་སྡེའི་ནང་དུ་འདྲུད་འཐེན་འཁོར་ལོ་མེད་པའི་དུད་ཚང་གཅིག་ཀྱང་མེད། ང་ཚོ་ཞིང་པ་ལ་ཆ་མཚོན་ནས་བཤད་ན་འདྲུན་འཐེན་འཁོར་ལོ་ནི་མཁོ་གལ་ཆེ་ལ་མེད་དུ་མི་རུང་བ་ཞིག་རེད་ཅེས་བཤད།
        དེ་དང་རྒྱང་མི་རིང་བའི་སར་བུད་མེད་འགས་ས་བོན་འདེབས་བཞིན་ཡོད་པས་གསར་འགོད་པ་གམ་དུ་སོང་ནས་ཁ་བརྡ་ལབ་དུས་ཚེ་དཔའ་ཡིས་ད་ལོ་དཔྱིད་རྨོད་སྐབས་ཀྱི་གནམ་གཤིས་ཧ་ཅང་ཡག་པོ་འདུག ཉེ་སྔོན་དུ་ཆར་པ་ཐེངས་མང་འབབ་པས་ས་ཞིང་ལ་བརླན་གཤེར་ཡག་པོ་ཡོད་པས་ལོ་ཏོག་ཡག་པོ་སྐྱེས་ངེས་རེད། ང་ཚོའི་ཞིང་རྒྱ་ཆེ་ཡང་གཙོ་བོ་གྲོ་ནས་སྲན་གསུམ་དང་ཞོག་ཁོག་མ་གཏོགས་རྨོ་བ་མ་རེད། གལ་སྲིད་གནམ་དགྲ་དང་གཞན་དག་གིས་བྱུར་རྐྱེན་མ་བྱུང་ན་ལོ་རེ་བཞིན་རང་ཚང་ལ་ཟ་རྒྱུ་འདང་ངེས་ཡོད་པར་མ་ཟད་གཞན་ལ་བཙོང་རྒྱུ་ཡང་ཡོད་པ་རེད་ཅེས་བཤད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1