གེ་སར་རིག་གནས་རྒྱུད་འཛིན་པའི་གསོ་སྦྱོང་འཛིན་གྲྭ་མགོ་ལོག་ཁུལ་རྨ་ཆེན་རྫོང་ནས་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 04-14


        སྔར་ལས་ལྷག་པའི་སྒོ་ནས་མཚོ་སྔོན་ཞིང་ཆེན་མགོ་ལོག་ས་ཁུལ་གྱི་གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་དང་། གེ་སར་སྒྲུང་བའི་གསོ་སྐྱོང་ཤུགས་ཚད་ཇེ་ཆེར་གཏོང་ཆེད།  ཟླ4བའི་ཚེས11ཉིན། གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་གེ་སར་རིག་གནས་རྒྱུད་འཛིན་གསོ་སྦྱོང་འཛིན་གྲྭ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ནས་སྤེལ་མགོ་བརྩམས།  གེ་སར་སྒྲུང་བ་དང་སྒྲུང་བཤད་པར་རྨང་གཞི་ཡོད་པའི་འབྲོག་པ་མང་ཚོགས་དགུ་བཅུ་ལྷག་གསོ་སྦྱོང་ལ་ཞུགས།
        རྨ་ཆེན་ནི་གེ་སར་རིག་གནས་ཀྱི་ཕ་ས་ཡིན་ཞིང་། གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་ཡང་རེད། 2008ལོ་ནས་བཟུང་། རྨ་ཆེན་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་གེ་སར་སྒྲུང་བར་ཁྱབ་བཤེར་བྱས་ཤིང་། མིག་སྔར་གེ་སར་སྒྲུང་བ་ཉེར་གཉིས་ཀྱི་ཁྱབ་བཤེར་དང་ཡིག་ཚགས་ལས་པའི་བྱ་བ་ཡོངས་འགྲུབ་བྱས། གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དེས་རྒྱུད་འཛིན་མི་ཚོགས་ཀྱི་སློབ་སྦྱོང་ནུས་པ་དང་རྒྱུད་འཛིན་ཆུ་ཚད་མཐོར་འདེགས་བཏང་བ་བརྒྱུད་སྲོལ་རྒྱུན་སྒྱུ་རྩལ་གྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་ཚོང་རའི་ངོས་ཟིན་ཚད་རྒྱ་བསྐྱེད་པ། གེ་སར་སྲོལ་རྒྱུན་སྒྱུ་རྩལ་ཁྱབ་ཆེ་བའི་སྒོ་ནས་དེང་རབས་ཀྱི་མང་ཚོགས་འཚོ་བའི་ཁྲོད་ཞུགས་པ། དེར་མཐུན་གྱིས་ས་གནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། མཇུག་མཐར་གེ་སར་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་སྲུང་སྐྱོབ་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་བྱེད་རྒྱུ་རེད། གསོ་སྦྱོང་འཛིན་གྲྭར་ཆེད་ལས་མི་སྣ་གདན་འདྲེན་ཞུས་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་ལོ་རྒྱུས་སྙན་རྩོམ་གཞུང་ལུགས། སྒྱུ་རྩལ་པའི་ལས་འགན་དང་འགན་ཁུར། གེ་སར་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས། སྒྲུང་བཤད་རྨང་གཞི། གེ་སར་སྒྲུང་གི་དབྱངས་རྟ་སོགས་ནང་དོན་ཁྲིད་པ་རེད། གསོ་སྦྱོང་གི་དུས་ཡུན་ཉིན་བཞི་ཡིན་པ་དང་། གསོ་སྦྱོང་མི་སྣའི་ཁྲོད་ལོ་ཆེས་ཆེ་བ་ལོ་རེ་ལྔ་དང་ཆེས་ཆུང་བ་ལོ་དྲུག་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1