རང་རྒྱལ་དུ་ཐོ་འགོད་བྱས་པའི་དེབ་འཛིན་སྨན་སྦྱོར་པ་ཁྲི34ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། སྤེལ་དུས། 04-14


        ཉེ་ཆར་གསར་འགོད་པར་རྒྱལ་ཁབ་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་དུ་ཐོ་འགོད་བྱས་པའི་དེབ་འཛིན་སྨན་སྦྱོར་པ་ཁྲི34ཡོད་ཅིང་། དེ་དག་གིས་ནད་པར་སྨན་སྤྱོད་ཁྲིད་སྟོན་དང་། སྨན་རྫས་སྨན་བཅོས་དོ་དམ། སྨན་མི་འཕྲོད་པའི་གནས་ཚུལ་ལྟ་ཞིབ་ཚད་ལེན་སོགས་སྨན་རྫས་རིག་པའི་ཞབས་ཞུའི་ལས་དོན་གང་ལེགས་སྤེལ་རྒྱུར་རྨང་གཞི་བཏིང་ཡོད་པ་རེད།
        མིག་སྔར་རང་རྒྱལ་འདི་ཉིད་ཨ་རི་དང་ཡོ་རོབ་མནའ་འབྲེལ་རྗེས་ཀྱི་འཛམ་གླིང་ཐོག་གི་སྨན་རྫས་འཛད་སྤྱོད་བྱེད་མཁན་ཆེ་གྲས་གསུམ་པར་གྱུར་རུང་གྲོང་མིས་སྨན་གང་བྱུང་གཏོང་བ་སོགས་ཀྱི་གནད་དོན་སྔར་བཞིན་ལྷག་ཡོད། པེ་ཅིང་སྨན་ཁང་གི་ཡོའན་ཀྲང་གཞོན་པ་ཤིན་ཧོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྨན་བཅོས་སྒྲིག་གཞིའི་ནད་ཐོག་སྨན་བཅོས་སྨན་སྦྱོར་པར་ནད་ཐོག་སྨན་བཅོས་ཚོགས་པའི་དང་ལེན་ཐོབ་ཚད་སྔར་བཞིན་དམའ་པོ་ཡིན་པ་དང་། དེ་བཞིན་སྤྱི་ཚོགས་ཐོག་གི་སྨན་རྫས་སིལ་ཚོང་ཁང་གི་དེབ་འཛིན་སྨན་སྦྱོར་པ་གཅོང་ནད་ཕོག་པའི་ནད་པས་སྨན་གཏོང་རིང་ལྟ་སྐྱོང་བྱེད་པའི་ནང་ཞུགས་མེད་སྟབས། ནད་པས་སྨན་བཅོས་སྒྲིག་གཞིའི་སྨན་སྦྱོར་ཁང་ངམ་ཡང་ན་སྤྱི་ཚོགས་ཐོག་གི་སྨན་རྫས་སིལ་ཚོང་ཁང་ནས་སྨན་བླངས་རྗེས་རང་དགར་སྨན་གཏོང་མཚམས་བཞག་པ་དང་། སྨན་བརྗེས་པ། སྨན་གཞན་པ་མཉམ་དུ་བཏང་བ་སོགས་ཀྱི་སྨན་སྤྱོད་བདེ་འཇགས་གནད་དོན་རྒྱུན་དུ་ཐོན་གྱི་ཡོད་པ་རེད།
        “སྨན་སྦྱོར་པས་ངེས་པར་དུ་སྨན་རྫས་ཁོ་ནར་དོ་ཁུར་བྱེད་པའི་བྱ་སྤྱོད་ལ་འགྱུར་བ་བཏང་ནས་ནད་པར་དོ་ཁུར་བྱེད་པར་སྒྱུར་དགོས”ཤིན་ཧོན་གྱིས་མིག་སྔར་རང་རྒྱལ་དུ་ལག་ལེན་བསྟར་མུས་ཀྱི་སྨན་སྦྱོར་པའི་བཅའ་ཁྲིམས་ཚད་གཞི་དེ་སྡེ་ཚན་གྱི་སྒྲིག་སྲོལ་ལམ་ལུགས་ཙམ་ཡིན་པ་དང་། སྨན་སྦྱོར་པའི་འགན་འཁྲི་དང་། དབང་ཆ། ཁེ་ཕན་བཅས་བཅའ་ཁྲིམས་ནང་གཏན་འཁེལ་ཁ་གསལ་བྱེད་ཚད་མི་འདང་བ། སྨན་སྦྱོར་པའི་ནུས་པ་སྔར་བཞིན་ཡོངས་སུ་ཐོན་མེད། དེས་ན་རང་རྒྱལ་གྱི་འབྲེལ་ཡོད་སྨན་སྦྱོར་པའི་ཁྲིམས་འཛུགས་ལས་དོན་མགྱོགས་ནས་མྱུར་དུ་སྤེལ་རྒྱུ་དེ་དགོས་གཏུགས་ཧ་ཅང་ཆེ་བ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1