དབུལ་སེལ་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་གཉིས་མངོན་འགྱུར་འབྱུང་བར་བརྩོན་དགོས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 04-18


        ཉེ་ཆར། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་གིས་རྟག་དཔྱད་ཞིབ་བཤེར་ཚན་ཆུང་གི་སྣེ་ཁྲིད་ནས་རྔ་བ་ཁུལ་དུ་ཕེབས་ཏེ།《སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་སྲོལ་ཡིག》ལག་བསྟར་དང་ཞིབ་བཤེར་བྱས་པར་མ་ཟད། 2016ལོའི་ལོ་ཧྲིལ་བོར་ཞིང་ཆེན་གྱི་ཞིབ་བཤེར་རྩིས་ལེན་དང་། ཕྱོགས་གསུམ་པའི་དཔྱད་དཔོག་བྱེད་པའི་བརྒྱུད་རིམ་གྱི་ཁྲོད་ཤེས་རྟོགས་བྱུང་བའི་མི་འདང་ས་དང་བྱེ་བྲག་གི་གནད་དོན་སྐོར་དག་ཐེར་ལེགས་བཅོས་དང་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་དམིགས་ནས་ཞིབ་བཤེར་བྱས། 
        རྟག་དཔྱད་ཚན་ཆུང་དེ་ཚན་ཆུང་གཉིས་སུ་བགོས་ནས་རྔ་བ་ཁུལ་ཟུང་ཆུ་རྫོང་དང་། ཧུང་ཡོན་རྫོང་། བཙན་ལྷ་རྫོང་། འབར་ཁམས་གྲོང་ཁྱེར་བཅས་སུ་ཟབ་ཞུགས་བྱས་ཏེ། རྩད་གཅོད་བྱེད་པ་དང་། གླེང་མོལ་བྱེད་པ། ཡིག་ངོས་ནས་ཞིབ་བཤེར་བྱེད་པ།ཡིག་ཆ་ཀློག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཁྲིམས་ལག་བསྟར་བྱས་པར་ཞིབ་བཤེར་བྱས་པ་རེད། དེ་མིན་ཧུང་ཡོན་རྫོང་ཁྱུང་མཆུ་གྲོང་བརྡལ་སྟག་ལུང་སྡེ་བ་རུ། ལིའུ་ཙུའོ་མིང་དང་ལྷན་ཕེབས་རྣམས་ཀྱིས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་བཞུགས་མོལ་བགྲོ་གླེང་གནང་སྟེ། དབུལ་སེལ་འགག་སྒྲོལ་གྱི་བྱ་བའི་ཁྲོད་གནས་པའི་དཀའ་གནད་ལ་རྒྱུས་ལོན་བྱས་ནས། སྤྱོད་ཚུལ་བཟང་བོ་ཤིག་ཆགས་པར་ཁྲིད་སྟོན་བྱེད་པ་དང་། མང་ཚོགས་ལ་བཟའ་བཏུང་བདེ་ཐང་གི་གཤིས་ཀ་དང་འཕྲོད་བསྟེན་གྱི་གཤིས་ཀ་ལེགས་པོ་ཅིག་རིམ་བཞིན་དུ་ཆགས་ཐུབ་པར་བྱེད་པ། ཞིབ་བཤེར་གཏིང་གཟབ་བྱས་པ་བརྒྱུད་ནས། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་གསོ་སྦྱོང་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གྱི་ལག་རྩལ་ཐོན་ལས་འཕེལ་རྒྱས་སུ་བཏང་སྟེ། དཀའ་ཁག་ཅན་གྱི་མང་ཚོགས་གིས་ལས་ཞུགས་ལས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། དབུལ་སེལ་འགག་སྒྲོལ་ལ་རྒྱལ་ཁ་ལོན་པར་བྱས་ཏེ་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཐུབ་པ་མངོན་འགྱུར་ཡོང་བར་བྱ་དགོས་པའི་བླང་བྱ་བཏོན།བཅར་འདྲི་བྱེད་པ་མཇུག་སྒྲིལ་རྗེས་རྟག་དཔྱད་ཞིབ་བཤེར་ཚན་ཆུང་གིས་རྔ་བ་ཁུལ་གྱི་སྲོལ་ཡིག་ལག་བསྟར་བྱས་པའི་གནས་ཚུལ་སྙན་ཞུ་ལ་གསན་འཇོག་གནང་། 
        སྙན་ཞུའི་གྲོས་ཚོགས་ཐོག་ཏུ། ལུའི་ཙུའོ་མིང་གིས་ཞིང་ཆེན་ཡོངས་ཀྱིས་དབུལ་སེལ་འགག་སྒྲོལ་བྱེད་པའི་དཀའ་གནད་རང་བཞིན་གྲོལ་བར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་གཉིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། སྟོབས་ཤུགས་གཅིག་བསྡུས་ཀྱིས་སྤུས་ཚད་མཐོན་པོ་དང་། ཚད་གཞི་མཐོ་བའི་སྒོ་ནས་དབུལ་བྲལ་འགག་སྒྲོལ་བྱེད་པར་རྒྱལ་ཁ་ལོན་པར་བྱས་ཏེ། དབུལ་སེལ་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་གཉིས་མངོན་འགྱུར་ཡོང་བར་བྱ་དགོས་པ་དང་། གོམ་གང་མདུན་སྤོས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དེ་མང་ཚོགས་དང་ཉེ་བར་བཅར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་ནམ་ཡང་མི་དམངས་འཐུས་ཆེན་གྱི་འཐུས་མི་དེ་དབུལ་སེལ་འགག་སྒྲོལ་གྱི་བྱ་བར་སྐུལ་འདེད་གཏོང་བའི་རྒྱབ་རྟེན་གཙོ་བོར་བཞག་ནས། དབུལ་སེལ་འགག་སྒྲོལ་བྱེད་པར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིས་ཡང་བསྐྱར་རང་ནུས་བཏོན་པའི་བྱེད་སྒོ་མུ་མཐུད་དུ་སྤེལ་ནས་དབུལ་ཕོངས་མང་ཚོགས་གིས་རང་ནུས་འདོན་པའི་ནུས་པར་མཐོང་ཆེན་བྱས་ནས། མི་མངོན་པའི་སྟོབས་ཤུགས་སོགས་ཕྱོགས་ལྔའི་ཐད་ནས་འདོན་སྤེལ་བྱས་ཏེ་གོམ་གང་མདུན་སྤོས་སྒོས་དབུལ་སྐྱོར་བྱ་བའི་རྣམ་གྲངས་སོ་སོའི་ལས་ཀ་ཁག་ལེགས་པོར་བསྒྲུབ་དགོས་ཞེས་ནན་གསུངས་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1