སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གིས་དམངས་ཕན་གཏུག་བཤེར་ཞབས་ཞུའི་ས་ཚིགས་བཙུགས།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 04-21



        སྡེ་དགེ་ས་ཁུལ་ནི་རྒྱ་ཁྱོན་ཆེ་ལ་མི་གྲངས་ཉུང་། རྫོང་ཡོངས་ལ་ཡུལ་ཤོག་26དང་གྲོང་སྡེ་171ཡོད། ས་ཁུལ་གྱི་རྒྱ་ཁྱོན་ནི་དཀར་མཛེས་ཁུལ་གྱི་ཨང་བཞི་པ་ཡིན་པ་དང་། ཁྲིམས་འཛིན་ཞབས་ཞུའི་རྒྱ་ཁྱོན་ཆེ་ལ་ལས་འགན་ཡང་ལྗི། དེ་བས་རྫོང་མི་དམངས་ཁྲིམས་ཁང་གིས་མི་དམངས་མང་ཚོགས་ཀྱི་གཏུག་བཤེར་གྱི་འགྲོ་སོང་ཉུང་རུ་གཏོང་པ་དང་ཁྲིམས་འཛིན་གྱིས་མི་དམངས་ལ་ཞབས་ཞུ་བྱེད་པའི་རྩ་བའི་དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ། སྤྱི་ཟླ་4པའི་ཚེས་14ཉིན། སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཁྲིམས་ཁང་མགོ་གཙོ་ཝུ་ཙི་ཕིང་གིས་སྣེ་ཁྲིད་འོག ལས་དོན་ཚན་ཆུང་སྨན་ཤོར་ལུང་པའི་ཡུལ་ཤོག་ཁག་ཏུ་ཕྱིན་ཏེ་དམངས་ཕན་གཏུག་བཤེར་ཞབས་ཞུའི་ས་ཚིགས་བཙུགས།
        དམངས་ཕན་གཏུག་བཤེར་ཞབས་ཞུའི་ས་ཚིགས་ཀྱི་ལས་འགན་གཙོ་བོ་ནི། ཁྲིམས་ལུགས་བློ་འདྲི་དང་ཁྲིམས་ལུགས་ཁྱབ་བསྒྲགས། གྱོད་དོན་ཐོ་འགོད་ཀྱི་ཞབས་ཞུ། དམངས་གྱོད་འདུམ་འགྲིག་སོགས་ཡིན། དམངས་ཕན་གཏུག་བཤེར་ཞབས་ཞུའི་ས་ཚིགས་རེ་རེར་འབྲེལ་གཏུགས་པ་རེ་ཡོད་ལ་དུས་ངེས་མེད་དུ་སྡེ་དགེ་རྫོང་མི་དམངས་ཁྲིམས་ལ་ལས་དོན་གྱི་གནས་ཚུལ་ཞུས་ཏེ། སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གིས་གནས་ཚུལ་དངོས་ལ་གཞིགས་ཏེ་ཁྲིམས་དཔོན་ཞབས་ཞུའི་ས་ཚིགས་སུ་གྱོད་དོན་བསྡུ་ལེན་དང་གྱོད་དོན་འདྲི་གཅོད་བཅས་ཀྱི་ལས་དོན་སྤེལ་བ་རེད།
        མིག་སྔར། སྡེ་དགེ་རྫོང་མི་དམངས་ཁྲིམས་ཁང་གིས་ཡུལ་ཤོག་6རུ་དམངས་ཕན་གཏུག་བཤེར་ཞབས་ཞུའི་ས་ཚིགས་བཙུགས་ཡོད་ལ། ད་དུང་མུ་མཐུད་དུ་སྡེ་དགེའི་ཡུལ་ཤོག་གཞན་དུའང་དེ་ལྟ་བུའི་ཞབས་ཞུའི་ས་ཚིགས་བཙུགས་ཏེ་རྫོང་ཡོངས་ཀྱི་ཡུལ་ཤོག་26རུ་ཡོངས་སུ་ཁེབས་ཐུབ་པར་འབད་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1