སྡེ་དགེ་རྫོང་གིས་ལྷད་མེད་སྔོ་ཚལ་དྲོ་ཁང83བསྐྲུན་ནས་ཞིང་པའི་ཡོང་འབབ་འཕར་སྣོན་བཏང་།

སྐལ་ཐུབ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-24


        སྤྱི་ཟླ4པའི་ཚེས18ཉིན། གསར་འགོད་པས་སྡེ་དགེ་རྫོང་ལྕང་ར་ཡུལ་ཚོའི་ལྷད་མེད་སྔོ་ཚལ་དྲོ་ཁང་གི་རྟེན་གཞི་རུ་སྔོ་ཚལ་དྲོ་ཁང34གྲལ་བསྟར་བསྒྲིགས་ནས་ཡོད་པ་དང་དྲོ་ཁང་མང་ཆེ་བར་སྔོ་ལྗང་ལྗང་གི་སྔོ་ཚལ་གྱིས་ཁེངས་ཡོད་པ་མཐོང་། ལྷད་མེད་སྔོ་ཚལ་རྟེན་གཞི་དེ་ནི་སྡེ་དགེ་རྫོང་གི་བོད་སྐྱོར་ལས་གཞིའི་ཡ་གྱལ་ཡིན་ཞིང་རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱིས་འགན་འཁུར་ནས་ཞིང་པའི་ས་ཞིང་སྤོ་སྤྱོད་བྱས་ཏེ་དཔེ་སྟོན་ཚོད་ལྟ་བྱ་ཆེད་ལག་རྩལ་དང་ཉམས་མྱོང་ཡོད་པའི་ལིའང་ཧྲན་ནས་ཡོང་བའི་དབྱིས་རིགས་བ་ཀུའུ་ཐེ་ལ་ལོ་བཞིའི་རིང་ལ་ས་ཞིང་བོགས་གླ་བཏང་བ་རེད། ལྷད་མེད་སྔོ་ཚལ་རྟེན་གཞི་དེར་ས་མུའུ40ཡོད་ཅིང་དབྱིས་རིགས་ཁྱིམ་ཚང་བཞི་ཡིས་གླས་ནས་སྔོ་ཚལ་འདེབས་བཞིན་འདུག 
        ཀུའུ་ཐེས་ང་ཚོས་སྔོ་ཚལ་རྟེན་གཞི་འདི་གླས་ནས་ལོ་གཉིས་སོང་བ་དང་། སྔོ་ཚལ་རིགས20ཙམ་བཏབ་ཡོད། ལོ་རེར་དུད་ཚང་རེ་ལ་ཡོང་འབབ་ཁེར་གཙང་སྒོར་ཁྲི3ལྷག་རག་གི་འདུག  ས་གནས་དེ་གའི་མང་ཚོགས་ཀྱིས་ས་ཞིང་སྤོ་སྤྱོད་བྱས་པར་བརྟེན་ནས་ལོ་རེར་ཡོང་འབབ་བརྟན་པོ་མི་ཉུང་བ་རག་པ་རེད་ཅེས་བཤད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ལ། སྡེ་དགེ་རྫོང་གིས་ཞིང་ལས་ཐོན་སྐྱེད་ཀྱི་རྨང་གཞི་སྲ་བརྟན་གཏོང་བ་དང་ཞིང་འབྲོག་དམངས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་ཞིང་། རྫོང་གི་གྲོང་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྔོ་ཚལ་སོས་མ་ཟ་རྒྱུ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད། བྱེད་ཐབས་གནད་ལ་སྨིན་པ་སྤྱད་ནས་རིགས་སྣ་མང་གི་མ་དངུལ་དུ་མ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ་རྫོང་ཡོངས་ཀྱི་འདེབས་གསོའི་ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་སྔོ་ཚལ་དྲོ་ཁང་ཆེ་ཆུང83བསྐྲུན་ཞིང་ས་མུའུ་ཁྱོན་བསྡོམས265.6ལ་ཟིན་པ་རེད། རྫོང་དེས་ཐོག་མར་ས་གནས་དེ་གའི་མང་ཚོགས་ཀྱིས་གཅིག་ནི་ལག་རྩལ་གྱིས་མི་འདང་བ་དང་གཉིས་ནི་སྡིག་པར་འཛེམས་པའི་རྐྱེན་གྱིས་ལྷད་མེད་སྔོ་ཚལ་དྲོ་ཁང་བསྐྲུན་པའི་ཧུར་བརྩོན་རང་བཞིན་ཆུང་བས་ནང་ལོགས་ས་ཁུལ་ནས་ལག་རྩལ་དང་ཉམས་མྱོང་ཡོད་པའི་སྔོ་ཚལ་འདེབས་འཛུགས་བྱེད་མཁན་ནང་འདྲེན་བྱས་ཏེ་དཔེ་སྟོན་ཚོད་ལྟ་བྱེད་དུ་བཅུག་པ་རེད། བྱེད་ཐབས་དེ་བརྒྱུད་ནས་དབུལ་སྐྱོར་གནད་སྨིན་གྱི་འབྲེལ་ཡོད་ཐོན་ལས་ལས་གཞི་དང་ཟུང་འབྲེལ་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱི་བསམ་པ་འཕོ་འགྱུར་གཏོང་ཐབས་དང་འདེབས་གསོའི་ཧུར་བརྩོན་རང་བཞིན་ཇེ་དྲག་ཏུ་བཏང་བ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1