ཤར་དར་རྩེ་མདོའི་དཔེ་ཀློག་གི་ཉིན་མོ།

ཨོ་རྒྱན་གྱིས་བྲིས་ཤིང་པར་བླངས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 04-24


        སྤྱི་ལོ༢༠༡༧ལོའི་ཟླ༤ཚེས༢༣ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུའི་དྲིལ་སྒྲོལ་པུའུ་དང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན། དཔེ་སྐྲུན་གསར་འགྱུར་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་པའི༢༠༡༧ལོའི་དཀར་མཛེས་ཁྱིམ་རྒྱུད་ཀྱི་དཔེ་ཆ་བ་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཉིན་མོའི་བྱེད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་ནས་སྤེལ་བ་རེད།
        ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བྱམས་བློ་དང་། ཁུལ་དམངས་ཆེན་གྱི་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་པེ་སུའུ་དབྱིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥ་ཝན་ཧྭ་སོགས་ཐེངས་འདིའི་དཔེ་ཀློག་ཉིན་མོའི་བྱེད་སྒོར་ཞུགས།
        ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རིན་གཞོན་པ་པེ་སུའུ་དབྱིས་ཀྱིས་ཤིས་ཚིག་ཕུལ་ཞིང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥ་ཝན་ཧྭ་ཡིས་དམངས་ཡོངས་ཀྱི་དཔེ་ཀློག་གི་གྲོས་གཞི་འདོན་པའི་གསུང་བཤད་གནང་ཞིང་དྲག་ཆས་ཉེན་རྟོག་རུ་ཁག་གཉིས་པ་དང་ཁུལ་ཕན་བདེ་སློབ་གྲྭ  མཛའ་གཞས་མགྲོན་ཁང་དང་སྐལ་བཟང་མེ་ཏོག་མགྲོན་ཁང་། གེ་སར་མགྲོན་ཁང་། ལྷ་ལུང་བྱམས་པའི་མགྲོན་ཁང་བཅས་དར་མདོ་གྲོང་ཁྱེར་གྱི་ལས་ཁུངས་གཉིས་དང་མགྲོན་ཁང་བཞིའི་མི་ཚོགས་འདུ་སར་དཔེ་ཆ་དང་དཔེ་སྒྲོམ་རིན་མེད་ཀྱིས་གཟིགས་འབུལ་དང་ཆོས་སྦྱིན་གནང་བ་རེད། ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བྱམས་བློ་ཡིས་དཀར་མཛེས་ཁུལ༢༠༡༧ལོའི་དཀར་མཛེས་ཁྱིམ་རྒྱུད་ཀྱི་དཔེ་ཆ་བ་ཞེས་པའི་དམངས་ཡོངས་ཀྱི་དཔེ་ཀློག་ཉིན་མོ་དངོས་སུ་མགོ་འཛུགས་པའི་ཁྱབ་བསྒྲགས་བྱས།ཁུལ་གླུ་གར་ཁང་གི་གླུ་པ་གླུ་མ་དང་བྲོ་པ་དག་གིས་སྙན་མོ་གླུ་ངག་གི་མཆོད་པ་རེ་རེ་དང་ལྡེམ་མྱུར་སྟངས་སྟབས་ཀྱི་ཞབས་བྲོ་རེ་རེས་བྱེད་སྒོའི་ཡུལ་དངོས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་།
        དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་བོད་ཟུང་གི་གངས་དཀར་རི་བོ་དུས་དེབ་དང་ཁམས་པའི་རྩོམ་པ་པོའི་བརྩམས་ཆོས་སོགས་ཡུལ་དངོས་ནས་མང་ཚོགས་ལ་ཁ་གཏད་དེ་ཆོས་སྦྱིན་བྱས་པས་དམངས་ཡོངས་ཀྱི་དཔེ་ཀློག་གི་འདུན་པ་བསྐངས་བའི་དགེ་མཚན་བླ་ལྷག་ཏུ་ཐོན། 
        བྱེད་སྒོ་འདིས་དར་མདོ་གྲོང་ཁྱེར་གྱི་དཔེ་ཀློག་གི་ཚེ་སྲོག་ལ་སྔར་མེད་ཀྱི་གསོན་ཤུགས་གསར་བ་རེ་བརྟས་ཡོད་པས་མ་ཚད་གཞོན་རབས་དག་གི་དཔེ་ཀློག་གི་དགའ་སྣང་ལ་སྒུལ་ཤུགས་གཞན་ཞིག་བསྩལ་ཡོད་དང་། མི་རིགས་ཤིག་གི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་འགྲོ་བར་དཔེ་ཀློག་ནི་ལམ་སྟོན་གྱི་དེད་དཔོན་ལྟ་བུ་ཡིན་པའི་ངེས་ཤེས་ཟབ་མོ་རྙེད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1