ལྷོ་ཁས་སློབ་གསོ་གོང་དུ་སྤེལ་ནས་ཕྲུ་གུར་ཕུགས་བསམ་འགྲུབ་རོགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 04-25


        ལྷོ་ཁ་གྲོང་ཁྱེར་གྱི་སློབ་ལོ་ལོན་པའི་ཕྲུ་གུ་ཚོའི་ངོས་ནས་བཤད་ན། ཁོང་ཚོ་སློབ་ཁང་དུ་བློ་བདེ་པོས་དྲང་བཞག་དང་སྤུས་ཚད་མཐོ་བའི་སློབ་གསོ་དང་ལེན་དང་བདེ་ཐང་ངང་འཚར་ལོངས་ཡོང་བའི་འགན་ལེན་ཐུབ་་པ་ནི་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སློབ་གསོའི་གནད་སྨིན་དབུལ་སྒྲོལ་ལས་དོན་ལ་ཚད་མཐོའི་སྣང་ཆེན་བྱས་པ་ལས་བྱུང་བ་ཞིག་རེད། བྱ་ཐབས་ནུས་ལྡན་རབ་དང་རིམ་པར་བརྟེན་ནས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བ་ལས་ལྷོ་ཁའི་ཕྲུ་གུ་ཚང་མར་ཕུགས་བསམ་མངོན་དུ་འགྱུར་བར་སྒུལ་ཤུགས་ཐོབ་ཡོད།
     “སློབ་གསོ་དྲང་བཞག་དང་སློབ་གསོའི་དམངས་ཕན་སྲིད་ཇུས་ལ་སྐུལ་འདེད་གཏོང་བའི་ཐད། ལྷོ་ཁས་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པས། ཕྲུ་གུ་ཚང་མར་སྤུས་ཚད་མཐོ་བའི་སློབ་གསོ་དང་ལེན་བྱ་རྒྱུ་བྱུང་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས།
     ངོ་སྤྲོད་བྱས་པར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་ལོ་མ་ལོན་གོང་གི་སློབ་གསོ་ནས་འགོ་བཙུགས་ཏེ་ཕྲུ་གུ་ཚང་མར་ཟ་སྡོད་སློབ་གསུམ་གྱི་འགྲོ་གྲོན་འགན་ལེན་བྱེད་ཀྱི་ཡོད་པ་རེད། ལྷོ་ཁ་གྲོང་ཁྱེར་གྱི་རྫོང་(ཆུས)12ཁྲོད། རྫོང་(ཆུས)9ལ་འོས་འགན་སློབ་གསོ་འཕེལ་རྒྱས་དོ་སྙོམས་བྱུང་བ་དང་རྫོང་ཁོངས་དབར་གྱི་སློབ་གསོའི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ཡོད།
     ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་རྨང་གཞིའི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་བཏང་ཡོད། དགེ་རྒན་གྱི་སློབ་ཁྲིད་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ་དང་། ནང་སའི་ཕུལ་བྱུང་གི་བོད་སྐྱོར་དགེ་རྒན་ཁག་མང་པོས་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་སློབ་ཁྲིད་ཉམས་མྱོང་ལྷོ་ཁར་ཁྱེར་ཡོང་བས་ལྷོ་ཁའི་སློབ་ཁྲིད་སྤུས་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད་པ་རེད།
     སློབ་གསོའི་དམངས་ཕན་ཐད་ལྷོ་ཁ་གྲོང་ཁྱེར་གྱིས་འདི་ལོ“འགན་ལེན་གསུམ”དང་། ཞག་སྡོད་སློབ་མའི་འགྲིམ་འགྲུལ་ཁ་གསབ། སློབ་ཡོན་མི་དགོས་པའི་མཐོ་འབྲིང་སློབ་གསོ། གྲོང་ཁྱེར་དང་གྲོང་རྡལ་གྱི་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོ། འཚོ་བཅུད་ལེགས་གཏོང་སོགས་ཀྱི་མ་དངུལ་དམིགས་སར་འབྱོར་བ་དང་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས། སློབ་གསོ་དོ་སྙོམས་འཕེལ་རྒྱས་གཏོང་འགྱུར་འགན་ལེན་མཁོ་འདོན་དང་ཆ་རྐྱེན་བཏོད་ཡོད་པས། ལྷོ་ཁའི་སློབ་གསོའི་ཆུ་ཚད་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཐུབ་པ་བྱུང་ཡོད།
     སྤུས་ཚད་མཐོ་བའི་རྨང་གཞིའི་སློབ་གསོ་ཡོད་པ་ཕུད། ལྷོ་ཁ་གྲོང་ཁྱེར་གྱི་སློབ་མ་དེ་བས་མང་བ་ལྷོ་ཁ་ནས་ཡིག་རྒྱུགས་བཏང་སྟེ་མཐོ་སློབ་ཏུ་སློབ་གསོ་དང་ལེན་བྱེད་པར་སྐྱོད་ཀྱི་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་པའི་སྲིད་ཇུས་ཀྱིས་སློབ་མ་དེ་བས་མང་བ་དང་། ལྷག་པར་དུ་དབུལ་པོའི་ཁྱིམ་གྱི་སློབ་མ་རྣམས་བློ་བདེ་པོས་སློབ་སྦྱོང་བྱས་ནས་ལས་དབང་ལ་འགྱུར་ལྡོག་གཏོང་བ་དང་ཕུགས་འདུན་མངོན་འགྱུར་བྱེད་དུ་འཇུག་གི་ཡོད་པ་རེད།
     ཉེ་དུས་ལྷོ་ཁ་གྲོང་ཁྱེར་གྱིས་སློབ་ཆེན་སློབ་མར་རོགས་སྐྱོར་བྱེད་ཤུགས་དེ་བས་ཆེ་རུ་བཏང་བ་སྟེ། ཕྱོགས་གཅིག་ནས་རོགས་སྐྱོར་ཁྱབ་ཁོངས་ཆེ་རུ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་རོགས་སྐྱོར་ཚད་གཞི་མཐོ་རུ་ཤུགས་ཆེན་བཏང་ཡོད། མ་དངུལ་སྒོར་ཁྲི་5340བཀོད་སྒྲིག་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་མཐོ་རྒྱུགས་དཀྱུས་མའི་ཡིག་ཚད་ལ་ཞུགས་རྗེས་རྒྱལ་དམངས་སློབ་གསོའི་ཉིན་གང་ལམ་ལུགས་འཆར་གཞིའི་སློབ་ཆེན་ལ་ཚུད་པའི་ཐེམ་ཁོངས་ལྷོ་ཁ་ནས་ཡིན་པའི་ཞིང་འབྲོག་པའི་བུ་ཕྲུག་དང་དུད་ཚང་དབུལ་པོའི་བུ་ཕྲུག་(ལས་བྱེད་ལས་བཟོ་མིན་པའི་གྲོང་ཁྱེར་དང་གྲོང་རྡལ་གྲོང་མིའི་བུ་ཕྲུག་ཚུད)ལ་རོགས་སྐྱོར་བྱས་ཏེ། ལྗོངས་ཕྱིའི་དངོས་གཞིའི་སློབ་མ་དང་ཆེད་ཚན་སློབ་མ་མི་རེར་ལོ་རེར་སྒོར་10000དང་སྒོར་8000དང་། ལྗོངས་ནང་ཁུལ་གྱི་དངོས་གཞིའི་སློབ་མ་དང་ཆེད་ཚན་སློབ་མ་མི་རེར་ལོ་རེར་སྒོར་8000དང་སྒོར་6000སྤྲོད་རྩིས་ཡོད་པ་རེད།
     གཞན་ཡང་། ཆུ་གསུམ་སོགས་རྫོང་(ཆུས)འགས་འཆར་གཞིའི་ནང་མ་ཚུད་པའི་སློབ་ཆེན་སློབ་མ་མི་རེར་ལོ་རེར་རོགས་སྐྱོར་སྒོར་5000བྱས་ཡོད། སྣེ་གདོང་ཆུས་ཀྱིས་བོད་སྐྱོར་སྟོབས་ཤུགས་བེད་གང་ལེགས་སྤྱད་ནས་སྒོར་ཁྲི་400ཡི་རིག་སྐྱོར་ནུས་འདེགས་ཐེབས་རྩ་བཙུགས་ནས་གྲོང་གསེབ་ཏུ“བསམ་བློའི་དབུལ་སྒྲོལ་འདུ་འགོད”ལག་ལེན་བསྟར་ཡོད། འཕྱོངས་རྒྱས་རྫོང་གིས་སློབ་གསོའི་དབུལ་སྐྱོར་སྐུལ་སྤེལ་ཤུགས་ཆེན་བཏང་སྟེ་གསར་གཏོད་རང་བཞིན་སྒོ་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭར་ཡོད་མུས་ཀྱི་སློབ་ཆེན་སློབ་མའི་འཚོ་བའི་གྲོན་དངུལ་ཁ་གསབ་བྱ་ཐབས་ཏེ“1/4”བཞི་(“སྲིད་གཞུང་གི་ཁ་གསབ་དང་། བོད་སྐྱོར་རོགས་སྐྱོབ། སློབ་གསོའི་ཐེབས་རྩ། མང་ཚོགས་རང་གྲབས”བཅས་སོ་སོས“བཞི་ཆ་གཅིག”བཟུང་ནས་བསྡོམས་སྒོར་10000ཡིན)སྤྲད་ནས་དུད་ཚང་དབུལ་པོའི་བུ་ཕྲུག་སློབ་ཆེན་དུ་སྐྱོད་པའི་མཐའ་མའི་འགག་གནད་མེད་པ་བཟོས་ཏེ་དུད་ཚང་དབུལ་པོའི་བུ་ཕྲུག་སློབ་ཆེན་དུ་སྐྱོད་པའི་སེམས་ཁྲལ་བསལ་བ་རེད།
     ལོ་བརྒྱའི་འཆར་གཞི་སློབ་གསོར་ཐུག་ཡོད། སློབ་གསོའི་གནད་སྨིན་དབུལ་སྐྱོར་ལས་ལྷོ་ཁ་གྲོང་ཁྱེར་གྱི་སློབ་མ་དབུལ་པོར་ཕུགས་འདུན་གྱི་རྒྱུན་སྲིང་ཡོད་ལ། རེ་འདུན་གྱི་ས་བོན་བཏབ་ཡོད། ཕུགས་ནས་བཤད་ན། ལྷོ་ཁས་《དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་མཚོན་ལ། ལྷོ་ཁས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཕེལ་རིམ་ཁྲོད་སློབ་གསོའི་འགན་འཁུར་ཕོད་པའི་བློ་གྲོས་དང་སྤོབས་སེམས་དེ་བས་མཚོན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1