བོད་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བོད་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 04-25


        ཉིན་ཤས་རིང་བསྟུད་མར་རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཚོགས་འདུ་འཚོགས་ནས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཚང་མས་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་ནན་ཏན་དང་ངེས་ཤེས་བརྟན་པོ་དྲངས་ནས་སློབ་གྲྭའི་བདེ་ཐང་གི་སློབ་གསོ་དང་ལུས་རྩལ་སློབ་ཁྲིད་ཀྱི་ལས་དོན་གྱི་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ཁོང་དུ་ཆུད་པ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་། ལྗོངས་ཏང་ཨུད། སྲིད་གཞུང་བཅས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པའི་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རང་ལྗོངས་ཀྱི་སློབ་གྲྭའི་བདེ་ཐང་གི་སློབ་གསོ་དང་ལུས་རྩལ་སློབ་ཁྲིད་ཀྱི་ལས་དོན་ལ་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད། 
        རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་ཏང་ཙུའི་ཁོངས་མི་དང་། སློབ་གསོའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། སློབ་གསོ་ཐིང་གི་ཐིང་ཀྲང་བཅས་ཡིན་པའི་ཞུས་ཁྲེང་ཚང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་སྐོར་གྱི་ཚོགས་ཆེན་འཚོགས་པར་བོད་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་བྱ་གཞག་འཕེལ་རྒྱས་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་ཡོད། རང་ལྗོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་བདེ་ཐང་ནི་ཨང་དང་པོ་ཡིན་པའི་འདུ་ཤེས་བློར་བརྟན་པོ་ཆགས་པར་བྱེད་པ་དང་། སློབ་གྲྭའི་ལུས་རྩལ་དགེ་རྒན་གྱི་དཔུང་ཁག་དང་འཕྲོད་བསྟེན་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཏན་ཏིག་གིས་ཤེས་ལྡན་ལུས་རྩལ་པ་དང་སྨན་དོན་པའི་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཤེས་ལྡན་ལུས་རྩལ་པ་དང་སྨན་དོན་པ་གསོ་སྐྱོང་འཆར་གཞི་གང་མགྱོགས་འདོན་རྒྱུ་དང་། “གཙོ་གནད་གསུམ”ལ་དམ་འཛིན་གྱིས་སློབ་ཁང་སློབ་གསོ་དང་། འཕྲོད་བསྟེན་རིམས་འགོག བཟའ་བཅའི་བདེ་འཇགས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་འཕྲོད་བསྟེན་རིམས་འགོག་དང་བདེ་ཐང་གི་འགྲོ་གྲོན་འགན་ལེན་དོན་འཁྱོལ་ཧུར་ཐག་བྱ་རྒྱུ། རྨང་གཞིའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་ལུས་རྩལ་ཁང་མགྱོགས་མྱུར་རྒྱག་པ་དང་ལྷག་དོན་དུ་བླ་ཁེབས་ཅན་གྱི་ལུས་རྩལ་ཁང་སོགས་ཀྱི་རྣམ་གྲངས་བསྐྲུན་ནས་ལུས་རྩལ་དང་འཕྲོད་བསྟེན་གྱི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཁོངས་གཏོགས་ས་ཆའི་འགན་ནུས་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་སློབ་གྲྭའི་ཉེ་འཁོར་གྱི་ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་ལས་དོན་ཧུར་ཐག་བསྒྲུབ་རྒྱུ་ཡིན་ལུགས་བཤད།
        རང་སྐྱོང་ལྗོངས་སློབ་གསོའི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་སློབ་གསོ་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཕུར་བུ་ཚེ་རིང་ལ་སློབ་གསོའི་ཁོངས་གཏོགས་ཀྱིས་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགན་འཁྲི་ཆེན་པོ་ལྡན་པའི་མྱོང་བ་ཟབ་མོ་བྱུང་ཞིང་། ཁོང་གིས་སླད་ཕྱིན་རིམ་ཁག་སློབ་གསོའི་སྡེ་ཚན་གྱིས་བྱེད་པོའི་འགན་འཁྲི་ནན་དུ་བཏང་སྟེ་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཅུག་ནས་དེ་འབྲེལ་གྱི་སྒྲིག་ཆས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། བདེ་ཐང་གི་སློབ་གསོ་སློབ་གྲྭའི་སློབ་ཁྲིད་འཆར་གཞིའི་ནང་བཅུག་ནས་སློབ་ཕྲུག་ལ་སེམས་ཁམས་བདེ་ཐང་གི་བློ་འདོན་སློབ་གསོ་གཏོང་བར་ཤུགས་སྣོན་རྒྱག་རྒྱུ། རྒྱ་ཆེའི་དགེ་སློབ་དང་ལྷག་དོན་དུ་སློབ་གྲྭའི་ཟ་ཁང་དུ་ལས་ཀ་བྱེད་མཁན་ལ་འཕྲོད་བསྟེན་བདེ་ཐང་གི་སློབ་གསོ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭའི་ནང་མི་ཚང་མས་བདེ་ཐང་སློབ་གསོར་མཐོང་ཆེན་དང་ཀུན་གྱིས་སློབ་ཕྲུག་གི་བདེ་ཐང་ལ་དོ་ཁུར་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱ་རྒྱུ། སློབ་ཕྲུག་ལ་རྒྱུན་གཏན་གྱི་གཟུགས་པོའི་བརྟག་དཔྱད་བྱེད་དུ་བཅུག་ནས་བརྟག་དཔྱད་བྱེད་ཚད་100%ཟིན་པ་བྱས་ཏེ་སློབ་ཕྲུག་གི་གཟུགས་པོར་བརྟག་དཔྱད་དབྱེ་ཞིབ་དང་། བརྟག་དཔྱད་བྱས་འབྲས་བརྡ་ལན། ཡིག་ཚགས་དོ་དམ་སོགས་ཀྱི་ལས་དོན་གཙོ་བོ་ཡག་པོ་བསྒྲུབ་རྒྱུ་བཅས་ཡིན་ཚུལ་བཤད།
        ནག་ཆུ་ས་ཁུལ་སློབ་གསོ་ཅུས་ཀྱི་ལུས་རྩལ་སྡེ་ཁག་གི་ཚེ་བརྟན་དབང་ཕྱུག་གིས། སློབ་ཕྲུག་གི་འཕྲོད་བསྟེན་དང་བདེ་ཐང་སློབ་གསོར་དམ་འཛིན་བྱ་རྒྱུ་དགོས་གལ་ཤིན་ཏུ་ཆེ། ནག་ཆུ་ས་ཁུལ་གྱི་འཚོ་བའི་མཐུན་རྐྱེན་རང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་གཞན་ལས་ལྷག་པར་སྐྱོ་ལ་འཕྲོད་བསྟེན་གྱི་མཐུན་རྐྱེན་ཧ་ཅང་ཞན་པོ་རེད། འོན་ཀྱང་མེས་རྒྱལ་གྱི་རྗེས་རབས་པའི་ཆེད་ལྗོངས་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་ཚོགས་ཆེན་གྱི་ལས་དོན་བཀོད་སྒྲིག་ལ་ནན་པོར་གཞིགས་ནས་དཀའ་ངལ་ཁྱད་དུ་བསད་དེ་ནུས་ཤུགས་ཡོད་རྒུས་སློབ་གྲྭ་སོ་སོའི་འཕྲོད་བསྟེན་གྱི་མཐུན་རྐྱེན་གང་མགྱོགས་ལེགས་སུ་གཏོང་དགོས་ཞེས་བཤད།
        “རང་བློ་ནང་དུ་མ་བསྡུས་ན། རང་སྐྱོན་རང་གིས་མཐོང་བར་དཀའ”ཞེས་ཉིང་ཁྲི་གྲོང་ཁྱེར་སློབ་ཆུང་གཉིས་པའི་སྒྱུ་རྩལ་དང་ལུས་རྩལ་བདེ་ཐང་ཚོགས་ཆུང་གི་དགེ་རྒན་བསྟན་འཛིན་ཕུན་ཚོགས་ཀྱིས་དེ་ལྟར་བཤད་ཅིང་། ཁོང་གིས་ལུས་རྩལ་དགེ་རྒན་ཞིག་གི་ངོས་ནས་རང་ངོས་ཀྱི་སློབ་ཁྲིད་ནུས་པ་ཟམ་མི་འཆད་པར་མཐོ་རུ་གཏོང་དགོས། སློབ་ཁྲིད་བྱེད་སྟངས་ཐད་འབད་པ་ལྷོད་མེད་བྱས་ཚེ། སློབ་ཕྲུག་གི་སྤྲོ་བ་འཕེལ་ནས་ཕྲུ་གུའི་ལུས་སེམས་བདེ་ཐང་ཡོང་ཐུབ་ཅེས་བཤད།
ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་གཉིས་པའི་མཐོ་རིམ་ལོ་རིམ་གཉིས་པའི་འཛིན་གྲྭ་དང་པོའི་སློབ་མ་སྒྲོལ་དཀར་གྱིས“ད་རེས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བྱས་པ་བརྒྱུད་འཕྲོད་བསྟེན་ལ་སྣང་ཆེན་དང་ལུས་རྩལ་ལ་དགའ་པོ་བྱེད་པའི་དགོས་གལ་ལ་ངོས་འཛིན་ཟབ་ཏུ་ཕྱིན་སོང་། ངས་རང་ཉིད་དང་བྱ་བ་ཆུང་ཙག་ནས་འགོ་བརྩམས་ཏེ་ཉེ་འཁོར་གྱི་སློབ་གྲོགས་དང་གཉེན་ཉེ་དང་མཉམ་དུ་བདེ་ཐང་གི་འདུ་ཤེས་བཟང་པོ་ཞིག་འཇགས་པར་བྱ་རྒྱུ་ཡིན”ཞེས་བཤད།








དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1