གཙོ་ངོས།>> སློབ་གསོ།>>སློབ་གསོའི་ཉམས་མྱོང་།

བ་རེས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༤ཚེས་༢༦ཉིན།

༄༅།། མི་ཚེ་དང་དཔེ་ཀློག

(མཚོ་ནུབ)   བ་རེས།  
         རང་གི་སྐྱེས་སྐར་ལྟར་བསུ་བར་འོས་པའི་ཉིན་མོ་འདིར་སླེབས་ལ་ཉེ་དུས། ངས་ཐོག་མར་སྨྲ་འདོད་པ་ནི་རང་ཉིད་ཆུང་དུས་སུ་ཨ་མྱེས་ཀྱི་ངག་ལས་ཐོས་པའི་སྐད་ཆ་ཞིག་སྟེ། “མི་ཚེ་སྟོང་ཟད་དུ་གཏོང་འདོད་ན། གེ་སེར་ཤོབ་སྒྲུང་ལ་ལྟོས་ཤིག”ཅེས་པ་དེ་ཡིན། ཆུང་དུས་སུ་ངའི་རྣ་ཐོས་སུ་བྱུང་བའི་སྐད་ཆ་འདིས་མི་ཚེ་དང་ལྷག་པར་དུ་དཔེ་ཀློག་གི་ཕྱོགས་ནས་ངེད་ཚང་གི་མི་རབས་ག་ཚོད་ཅིག་ལ་བག་ཆགས་ཅི་འདྲ་ཞིག་བཞག་ཅིང་ཕན་ནུས་ཅི་འདྲ་ཞིག་ཐོན་མྱོང་ངམ། ང་ནར་སོན་རྗེས་ངས་ནམ་རྒྱུན་འདི་ལྟར་རང་ཉིད་ལ་དྲི་བ་བཏོན་པ་དང་ངས་ང་ཡི་ཉེ་དུ་གཞན་རྣམས་ལའང་འདི་ལྟར་དྲི་བ་བཏོན་མྱོང་། ཡིན་ཡང་། ངས་བཏོན་པའི་དྲི་བ་འདིར་ང་རང་ཉིད་ཀྱང་ནང་དུ་འདུ་བའི་ངེད་ཚང་གི་ཉེ་དུ་སུས་ཀྱང་ལན་ལྡོན་མ་མྱོང་། གལ་ཏེ་དྲི་བ་འདི་ལ་ལན་ཞིག་མཆིས་ན་དེ་ནི་ངེད་ཚང་གི་མེས་པོ་གོང་མ་ཚོའི་མི་ཚེ་དང་དཔེ་ཀློག་སྐོར་གྱི་གཏམ་རྒྱུད་དང་རྒྱབ་ལྗོངས་ངོ་མ་ཡིན། 
        རང་གི་སྐྱེས་སྐར་ལྟར་བསུ་བར་འོས་པའི་ཉིན་མོ་འདིར་སླེབས་ལ་ཉེ་དུས། ངས་བར་དུ་ལབ་འདོད་པ་ནི་རང་ཉིད་ཡར་བསེགས་ཀྱི་དུས་སུ་སོན་དུས་བུ་ཆུང་གིས“ཕ་ལགས། ལུས་ཕུང་ལ་གཅེས་སྤྲས་བྱོས། དཔེ་ཆར་མ་བལྟ་ཟེར་ཞིང་། ”ཚ་བོས་ཀྱང་དེ་ལྟར་བརྗོད་པའི་ཤ་ཚེའི་སྙིང་གཏམ་དེ་ཡིན། བློ་དཀར་ཞིང་ཤ་ཚ་བའི་སྙིང་གཏམ་འདིས་མི་ཚེ་དང་ལྷག་པར་དུ་དཔེ་ཀློག་གི་ཕྱོགས་ནས་ངའི་ལུས་སེམས་འདི་ལ་ཡང་སྙིང་བག་ཆགས་ཅི་འདྲ་ཞིག་བཞག་ཅིང་ཕན་ནུས་ཅི་འདྲ་ཞིག་ཐོན་མྱོང་ངམ། ལོ་རྒས་ཀྱིན་རྒས་ཀྱིན་ངས་ནམ་རྒྱུན་འདི་ལྟར་རང་ཉིད་ལ་དྲི་བ་བཏོན་པ་དང་ངས་ང་ཡི་སྙིང་དང་འདྲ་བའི་བུ་དང་ཚ་བོ་ལའང་འདི་ལྟར་དྲི་བ་བཏོན་མྱོང་། ཡིན་ཡང་། ངས་བཏོན་པའི་དྲི་བ་འདིར་ང་རང་ཉིད་ཀྱང་ནང་དུ་འདུ་བའི་ངེད་ཚང་གི་མི་བུ་སུས་ཀྱང་ལན་ལྡོན་མ་མྱོང་། གལ་ཏེ་དྲི་བ་འདི་ལ་ལན་ཞིག་མཆིས་ན་དེ་ནི་ངེད་ཚང་གི་མི་རབས་འདིའི་མི་ཚེ་དང་དཔེ་ཀློག་སྐོར་གྱི་གནས་བབ་དང་སྣང་ཚུལ་ངོ་མ་ཡིན། 
        རང་གི་སྐྱེས་སྐར་ལྟར་བསུ་བར་འོས་པའི་ཉིན་མོ་འདིར་སླེབས་ལ་ཉེ་དུས། ངས་ཐ་མར་ཞུ་འདོད་པ་ནི་མི་ཚེ་ལ་སྙིང་བོ་ལྡན་ཞིང་འོད་ཟེར་འཕྲོ་དགོས་ན་ངེད་ཚང་གི་ད་ལྟའི་མི་རབས་དང་ཁྱིམ་རྒྱུད་འདིས་ཅིས་ཀྱང་དཔེ་ཀློག་བཟང་བོ་བྱ་དགོས་ཞེས་པ་དེ་ཡིན། རྒྱུ་མཚན་ནི། དཔེ་ཀློག་གིས་མི་ལ་བློ་གྲོས་དང་སྟོབས་ཤུགས་སྦྱིན་ཐུབ་ལ། དཔེ་ཀློག་གིས་མིའི་འཚོ་བ་ལ་ལམ་པ་དང་སྡོངས་གྲོགས་བྱ་ནུས་པས་དང་། མི་ཞིག་གིས་རང་གི་མི་ཚེའི་འཚོ་བའི་ཁྲོད་བླངས་པའི་འོད་འཚེར་བའི་གྲུབ་འབྲས་ཐམས་ཅད་ནི་ཚད་ངེས་ཅན་ཞིག་གི་སྟེང་ནས་དཔེ་ཀློག་དང་འབྲེལ་བ་དམ་པོ་ཡོད་པས་ཀྱང་ཡིན། དེའི་སྒྲུབ་བྱེད་དང་རྒྱབ་ལུང་ནི། གོ་ལ་ཟླུམ་པོ་འདིའི་སྟེང་འོད་སྣང་དང་མུན་པའི་ཤན་ཕྱེས་པ་ལྟ་བུའི་ཤེས་རིག་ཆེན་པོ་དར་བ་ནས་བཟུང་ཡར་ཐོན་དང་མདུན་བསྐྱོད་ལ་རབ་ཏུ་མོས་པའི་རྒྱལ་ཁབ་དང་མི་རིགས་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་གཞལ་བྱ་རབ་དང་རིམ་པར་དཔུང་འཇུག་བགྱིས་པའི་ལོ་རྒྱུས་རྣམས་ལས་རྭ་གསལ་བོར་སྤྲད་ཡོད་པ་དེ་ཡིན་ནོ།  ། 

(མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1