མེས་པོའི་དབྱངས། ——སྔོག་འདོན་དང་རྒྱུད་འཛིན།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 04-27


        སྲོལ་རྒྱུན་རིག་གནས་ནི་མི་རིགས་ཤིག་གི་བླ་སྲོག་དང་མི་རིགས་ཤིག་གི་ལོ་རྒྱུས་འཕེལ་རིམ་ཁྲོད་ཀྱི་བསྲེགས་བཅད་བརྡར་གསུམ་ཁྲོད་ནས་ཐོན་པ་ཡིན། ལྷག་པར་དུ་དམངས་ཁྲོད་རིག་གནས་ནི་མི་རབས་ནས་མི་རབས། ལོ་རབས་ནས་ལོ་རབས་ཀྱི་འཚོ་བའི་མངར་སྐྱུར་ཁ་གསུམ་མཚོན་པའི་ཡུལ་ལུང་ཞིག་གི་རྟགས་དང་མཚན་མར་གྲུབ་འདུག

        དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་དང་དགུ་བཅུ་ནས་བཟུང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དམངས་ཁྲོད་རིག་གནས་མྱུར་སྐྱོབ་དང་ཉར་ཚགས་སྐོར་གྱི་ཚ་རླབས་ཤིག་འཕྱུར་ཞིང་། ཤེས་ཡོན་པའི་སྡེ་ནས་མགོ་བརྩམས་ཏེ་རང་ནུས་ཅི་ལྕོགས་ཀྱིས་བསྡུ་ལེན་བྱེད་ཐུབ་པ་དག་བསྡུ་ལེན་དང་། ཡི་གེར་འགོད་ཐུབ་པ་དག་ཡི་གེར་བཀོད་ནས་གླེགས་བམ་རབ་འབྲིང་མཐའ་གསུམ་གང་མང་ད་ལྟ་ང་ཚོའི་གཟུགས་འཛིན་མིག་གི་དགའ་སྟོན་དུ་བཤམས་ཡོད་པ་དེ་རེད། ཡིན་ཡང་ཨ་གསར་དང་ངང་རྒྱུད་ཐུང་བའི་དབང་གིས་མྱུར་སྐྱོབ་དེའི་མེ་སོན་ཐབ་ནས་ཤི་སྟེ། སྲོལ་རྒྱུན་རིག་གནས་དང་ལྷག་པར་དུ་དམངས་ཁྲོད་རིག་གནས་གང་མང་ཞིག་ས་ནག་ཆུ་ལ་བགྲད་པ་བཞིན་ཟད་ལ་ཉེ། ལྷག་པར་དུ་དམངས་ཁྲོད་གླུ་གར་རིག་གནས་འདིའི་རིགས་ལ་གཏོར་བརླག་དང་ཉམས་དམས་མི་ཉུང་བ་ཞིག་ཐེབས་འདུག

        དམངས་ཁྲོད་གླུ་གཞས་རིག་གནས་འདི་དམངས་ཁྲོད་ཀྱི་གཏམ་དཔེ་དང་ཁེད། སྒྲུང་ལ་སོགས་པ་དང་མི་འདྲ་བར། ཡིག་ཐོག་ཏུ་བཀོད་པ་ཙམ་ལ་རེ་ན་ཕྱི་མ་དག་ལ་ཞ་ར་གནམ་སྟོན་གྱི་ཚུལ་དུ་འགྱུར་འགྲོ་ལ། ལྷག་པར་དུ་བོད་ཀྱི་གཞས་པའི་སྡེ་འདིར་ཕྱིའི་རིག་གནས་ཀྱི་ཤན་ཤུགས་ཐེབས་དྲགས་ཅིང་། ལྡད་མི་དགོས་ནུ་རྒྱུ་ཞིག་ལ་རེ་བའི་སྐབས་འདིར་རྟོགས་སད་ཅན་གྱི་མི་བུ་རེ་གཉིས་ཤིག་གིས་གླུ་གཞས་མྱུར་སྐྱོབ་དང་ལྷག་པར་དུ་ཕྱི་མ་དག་ལ་ཕན་རེ་ཐོགས་ན་ཞེས་དཀའ་བ་ཁྱད་བསད་ཀྱིས་《མེས་པོའི་དབྱངས།》ཞེས་པའི་དམངས་ཁྲོད་རིག་གནས་ཁྱབ་སྤེལ་གྱི་འཕྲིན་སྟེགས་ཤིག་ཕྱེ་སྟེ་ཆེད་དུ་མེས་པོའི་གདངས་དབྱངས་ཀྱི་རང་ཚུགས་དེ་སྲུང་བཞིན་འདུག

        《མེས་པོའི་དབྱངས།》གླེང་དུས། གེ་རྒྱལ་པདྨ་མི་གླེང་ཐབས་མེད་ཡིན། ཁོང་ཉིད་ནི་བོད་ཀྱི་གཞོན་སྐྱེས་གླུ་པ་གྲགས་ཅན་ཞིག་ཡིན་ལ། གླུ་གཞས་སྒྱུ་རྩལ་གྱི་ལས་ཀ་གཉེར་ནས་ལོ་ངོ་དུ་མ་འགོར་ཡོད། ཁོང་གིས་ཀྱང་བོད་ཀྱི་གླུ་གཞས་ཀྱི་སྒང་འདིར་བོད་རང་ཉིད་ཀྱི་བྲོ་བ་ལྡན་ལ་རང་ཚུགས་དོད་པའི་གླུ་གཞས་སྐྱ་ཟད་སྔོ་སྡུག་གི་གནས་སུ་ལྷུང་ཡོད་ལ། ལྷག་པར་རྣམ་པ་གསར་བའི་རོལ་དབྱངས་ཀྱི་ཤན་ཤུགས་ཐེབས་ནས་ཡོད་ཚད་བོད་གཤིས་དང་བོད་ཚུགས་ཡལ་བཞིན་འདུག་ཟེར། ཁོང་གིས་གནད་དོན་འདི་དག་ལ་དམིགས་ནས་མེས་པོའི་དབྱངས་ཞེས་པའི་སྒྱུ་རྩལ་པ་རྒན་པ་དག་གི་མདུན་དུ་བཅར་ནས་ཉམས་མྱོང་རྒན་པོའི་གཏམ་དེ་དག་བརྙན་ཕབ་པ་བརྒྱུད་འཕྲིན་སྦྱོར་གསར་བའི་ལམ་སྣ་ནས་ལས་འདི་ལ་དགའ་བའི་མི་དག་ལ་ཕན་རེ་དང་སློབ་ཁྲིད་དམ་ཉམས་མྱོང་དམར་ཁྲིད་ཅིག་གི་ཚུལ་དུ་གྱུར་ན་བསམ་ཡོད་ཅེས་བཤད་བཞིན་འདུག

        ད་སྔའི་བར་དུ་《མེས་པོའི་དབྱངས།》ཀྱི་ལེ་ཚན་གཉིས་འཕྲིན་སྦྱོར་སྟེང་དུ་བཀོད་པ་དེ་ནི་ཨ་མདོའི་ཡུལ་གྱི་རྡུང་ལེན་མཁན་པོ་རྒན་དཔལ་མགོན་དང་རྒན་འཇིགས་བྱེད་འཚོ་གཉིས་ལ་བཅར་བའི་ལེའུ་ཡིན་ལ། སྐད་འཕྲིན་གྱི་སྒང་ན་བརྒྱུད་སྐུར་ཚ་པོ་བྱེད་བཞིན་འདུག དེ་མིན་རྡེབ་གྲངས་ལེའུ་རེ་རེར་ཁྲི་ཚོ་གཉིས་ལས་བརྒལ་ཞིང་ཀློག་པ་པོ་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་བཞིན་འདུག མེས་པོའི་དབྱངས་ཀྱི་ལས་སྒྲུབ་པ་དག་དང་བཅར་བ་ལས། ཁོ་ཚོས་ཐོག་མའི་ཀུན་སློང་འཇོག་ས་གང་ཡིན་ཞེ་ན། ད་སྔ་བོད་ཀྱི་རོལ་མོའི་ཆེད་ལས་སྐོར་གྱི་གསོ་སྦྱོང་བྱེད་ས་ཤིན་ཏུ་དཀོན་ལ། ལྷག་པར་དུ་སྒྱུ་རྩལ་པ་རྒན་པ་དག་དང་བཅར་ནས་དེ་དག་གི་ཉམས་མྱོང་དང་ཤེས་བྱ་བསྡུ་ལེན་བྱ་རྒྱུའི་གོ་སྐབས་ཤིན་ཏུ་དབེན་པས་བོད་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་དབྱངས་རྟ་དེ་དག་གི་དབུགས་ཀྱི་རྒྱུ་བ་ཆད་ལ་ཁད་དུ་གྱུར་འདུག་ཟེར། དངོས་གནས་ངེད་ཅག་གསན་མཁན་དཀྱུས་མ་ཞིག་གི་ངོས་ནས་ཕྱིར་འདང་རེ་བརྒྱབ་ནས་གནས་ཚུལ་བདེན་པར་ཆགས་འདུག་ལ། ད་ལྟའི་བོད་ཀྱི་གཞས་པ་གཞས་མ་དག་གི་ཁྲོད་དུ་བོད་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་དབྱངས་རྟ་ལྷུར་ལེན་དང་བློ་སྤོབས་ཡོད་པའི་སྒོ་ནས་གླུ་ལེན་མཁན་ཤིན་ཏུ་དཀོན་ལ། མང་ཆེ་ཤོས་དེ་ལྟོ་རྒྱབ་ཀྱི་ཆེད་དུ་ཆང་ཁའི་ཁ་བཏགས་དང་མུན་ནག་མདའ་འཐེན་གྱི་ངང་གཞན་གྱི་རྗེས་འབྲངས་པ་དེ་ངོ་མ་ཡིད་སྐྱོ་བའི་ལས་ཞིག་ཏུ་ཆགས་འདུག མེས་པོའི་དབྱངས་འདི་ཡང་གླུ་གཞས་ལས་རིགས་ཀྱི་དགེ་རྒན་རྣམ་པ་དག་གི་གདམས་ངག་སེམས་ལ་གླུ་པ་གླུ་མ་དག་གིས་རང་ཉིད་མཐོར་འདེགས་དང་མེས་པོའི་བླ་མེད་ཀྱི་དབྱངས་རྟ་དེ་དག་རྒྱུད་འཛིན་བྱ་རྒྱུའི་སྡིངས་ཆ་ཞིག་ཏུ་གྱུར་ན་ཅི་མ་རུང་ཞེས་ལས་སྐུལ་པ་ཁོང་གིས་ཡང་ཡང་གསུངས།

        ལས་སྐུལ་པ་ཁོང་གི་ཁེངས་སྐྱུང་དང་ལྷུར་ལེན་གྱི་རང་གཤིས་དེ་ལས་ངས་ཡོད་ཚད་རྟོགས་ཡོད་ལ། མེས་པོའི་དབྱངས་ནི་གླུ་གཞས་སྐོར་གྱི་བཅར་འདྲི་དང་ཉམས་མྱོངས་འགོད་པའི་སྡིངས་ཆ་ཆུང་ཆུང་ཞིག་མ་ཡིན་ལ། དུས་རབས་ཀྱིས་གདོང་ཐུག་ཁྲོད་ནས་མི་རིགས་དབྱངས་རྟ་མྱུར་སྐྱོབ་དང་རང་ཚུགས་སྲུང་མཁན་དེ་ཡིན་ལ། ལྷག་པར་འགྱུར་རྡོ་ལྟ་བུའི་ཉམས་མྱོང་རྒན་པོ་དེ་དག་གི་གསེར་ཁུ་ལྟ་བུའི་གདམས་ངག་དེ་དག་ཕྱི་མ་དག་གི་ལམ་སྣ་འདྲེན་པའི་སྒྲོན་མེར་གྱུར་ཡོད་ལ། དམངས་ཁྲོད་རིག་གནས་མྱུར་སྐྱོབ་ཀྱི་སྟེགས་བུ་གལ་ཆེན་ཞིག་ཏུ་གྱུར་འདུག སྔོན་ནས་བཤད་པ་བཞིན་མེས་པོའི་དབྱངས་འདི་ལས་བོད་ཀྱི་གླུ་གཞས་ཀྱི་སྡེ་འདིའི་འདས་མ་ད་གསུམ་བརྗོད་བཞིན་ཡོད། ཐོག་མར་འདས་པའི་དུས་ནས་འགོ་བརྩམས་ཏེ་ཉམས་མྱོང་བསྡུ་ལེན་དང་དེ་ནས་ད་ལྟའི་གནས་བབ། དེ་འཕྲོར་མ་འོངས་བའི་འཕེལ་རྒྱས་སོགས་གླེང་ནས་སྣ་མང་རང་བཞིན་གྱི་གླུ་གཞས་སྒྱུ་རྩལ་འདི་ཕྱོགས་བསྡུས་དང་དར་སྤེལ། རྒྱུད་འཛིན་བྱེད་རྒྱུར་ཡིད་ཆེས་བརྟན་པོ་ཡོད།

        དེ་བས་ངེད་ཅག་གིས་ཀྱང་རང་ཉིད་ཀྱི་ནུས་པ་ཅུང་ཟད་རེ་ཕུད་ནས་མེས་པོའི་དབྱངས་རྟ་འདིར་མྱུར་སྐྱོབ་ཀྱི་ལས་ལ་བསྐུལ་ཞིང་《མེས་པོའི་དབྱངས།》འདིར་རྒྱབ་སྐྱོར་གང་ཐུབ་གནང་ནས་རང་རིགས་ཀྱི་བླ་ན་མེད་པའི་སྐད་ངག་གི་སྒྱུ་རྩལ་དེ་མྱུར་སྐྱོབ་དང་འདས་ཟིིན་པའི་གཞས་གདངས་ཉམས་སུ་བླངས་ནས། མེས་པོའི་དབྱངས་འདི་མེས་པོ་དང་འགྲོགས་ནས་རི་བོའི་ཕ་རོལ་དུ་བསྐྱལ་མི་ཉན་ལ། རང་ངོས་རང་གཅུན་དང་ལས་དཀར་པོར་རྒྱལ་སྐྱོར་བྱ་རྒྱ་དེ་ཡང་བྱ་བ་རླབས་ཆེན་ཞིག་གོ ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1