དངོས་མིན་ཤུལ་བཞག་རིག་གནས་ཀྱིས་ཀུན་གྱི་མིག་དབང་འཕྲོག

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-03



        ཟླ་4པའི་ཚེས་28ཉིན་གྱི་སྔ་དྲོར། རིག་གནས་རྒྱུན་འཛིན་དང་འཆམ་མཐུན་ཁྱིམ་གཞིས་བརྗོད་དོན་དུ་བཟུང་བའི་2017ལོའི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱི་མི་རིགས་དམངས་ཁྲོད་རིག་གནས་(དངོས་མིན་ཤུལ་བཞག་རིག་གནས)འབར་ཁམས་གྲོང་ཁྱེར་གྱི་རིག་གནས་ཐང་ཆེན་དུ་འཁྲབ་སྟོན་བྱས་ཏེ། དྲུག་འགྱུར་པི་ཝང་རྒྱུད་དཀྲོལ་དང་སིང་སིང་དམངས་གླུ་སྙན་མོ།  སྟངས་སྟབས་ལྷོད་པའི་སྐོར་བྲོ། ཆའང་རིགས་བུ་མོའི་ཞབས་བྲོ་སོགས་ཀྱིས་ཡུལ་དངོས་ཀྱི་ལྟད་མོ་བའི་མིག་དབང་ཅིག་ཅར་དུ་འཕྲོག

        དེ་ཡང་རྔ་བ་རྫོང་གིས་གླུ་སྒོ་དྲུག་འགྱུར་སྙན་གཞས་ཨ་ཞང་ལོ་ལོ་ཡིས་ཕྱེས་ལ།  འབྲས་དཀར་བསམ་པའི་དོན་འགྲུབ་ཀྱིས་བདེ་སྐྱིད་འཚོ་བར་ཕྱྭ་གཡང་བཀུག   ཁྲོ་ཆུ་རྫོང་གིས་ཁྲབ་རྨོག་ཕུབ་གསུམ་གྱོན་ནས་ཁྲབ་གསུམ་ད་བེད་ཅེས་པའི་དམག་རྩེད་བྱས་ལ། གནའ་ཉམས་བབ་ཆགས་ཀྱི་ཁྱད་ཆོས་དོད། ཧུང་ཡོན་རྫོང་གི་སྐ་གཞོང་རིང་མོའི་བུ་རྒྱུད་ཀྱིས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཁྱད་ཆོས་དུ་མས་ཕྱུག་པའི་ལ་གཞས་དབྱངས་དང་བཅས་ངག་ལ་བཀུག་པས་འཁྲབ་སྟོན་པ་ལེན་ལ་སྤྲོ་ཞིང་ལྟད་མོ་བ་ཉན་པར་སྤྲོ། ཆུ་ཆེན་རྫོང་གི་དཀར་སྒོང་ས་ཆའི་གནས་བསྟོད་སྐོར་བྲོ་ནི་སྔོན་གྱི་དུས་སུ་རྒྱལ་རོང་ས་ཆའི་མི་རྣམས་ཀྱིས་རྒྱལ་མོ་དམུ་རྡོ་གཙོ་བྱས་པའི་ཡུལ་ལྷ་རྣམས་ལ་གར་གྱིས་དཔུང་བསྟོད་བྱེད་པའི་རྣམ་པ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་རྒྱུན་ཧ་ཅང་རིང་། གཟི་རྩ་སྡེ་དགུ་རྫོང་གིས་དྭགས་པོ་བའི་ལོ་སར་རོལ་སྟངས་གར་སྟེགས་སུ་དྲངས་ནས་སྲོལ་རྒྱུན་གྱི་གཟི་ཉམས་ངོམས། ལིས་རྫོང་གིས་ལས་ལ་བརྩོན་པའི་ངལ་རྩོལ་བ་རྣམས་ཀྱི་དུས་རྒྱུན་འཚོ་བ་གོ་རིམ་བཞིན་འཁྲབ་ལ། ལུས་ངག་གི་ཉམས་འགྱུར་རྨད་དུ་བྱུང་བའི་སྒྱུ་རྩལ་གྱི་གསོན་ཉམས་ལྡན་ཡོད།  མའོ་རྫོང་གིས་ཆའང་རིགས་ཀྱི་སྐ་རགས་བྲོ་གར་ཞེས་པའི་ཐུན་མིན་ཁྱད་ཆོས་ལྡན་པའི་གར་འཁྲབ་ནས། ཆའང་རིགས་ཀྱི་བུད་མེད་རྣམས་ལ་སྤྱང་གྲུང་འཛོམས་ཤིང་ལས་ལ་བརྩོན་པ་བསྟན།  འཛམ་ཐང་རྫོང་གིས་ང་ཚོས་གླུ་ངག་གིས་མཆོད་པ་འབུལ་བར་བྱ། གླུ་སྐད་ཀྱིས་ང་ཚོར་འགྱུར་མེད་ཀྱི་སྙིང་སྟོབས་བསྩོལ་ངེས་ཞེས་པའི་ཅོ་ཀའི་དྲུག་འགྱུར་ལོ་ལེགས་ཀྱི་གཞས་ཆུང་ཕུལ། མཛོད་དགེ་རྫོང་གིས་ཟློས་གར་ཆེན་མོ་བརྒྱད་ལས་དྲི་མེད་ཀུན་ལྡན་གྱི་འཁྲབ་ཚན་ཞིག་འཁྲབ་སྟོན་བྱས་ལ། སྒྱུ་རྩལ་གྱི་བྲོ་བ་ཁྱད་པར་ལྡན། ཟུང་ཆུ་རྫོང་གིས་ཀུའུ་ཙེ་ལ་པ་ཞེས་པའི་ཆའང་རིགས་ཀྱི་གདངས་མོད་པའི་དམངས་གླུ་ངག་ནས་གྱེར་ཞོར་གར་གྱི་སྟངས་སྟབས་བསྒྱུར། ཝུན་ཁྲོན་རྫོང་གིས་སྤྲིན་དཀར་གྱི་བང་རིམ་ན་ཆགས་པའི་མི་རིགས་སམ་ཆའང་རིགས་ཀྱི་ལྷད་མེད་བརྩེ་སེམས་མཚོན་པའི་ངག་གི་དབྱངས་རྟ་གྱེར། བཙན་ལྷ་རྫོང་གིས་ཞིང་བ་རྣམས་ཀྱིས་འབྲུ་མཛོད་འབྲུ་ཡིས་གང་བའི་ཡིད་ཀྱི་རེ་སྨོན་གར་གྱི་སྟངས་སྟབས་ལ་བསྒྱུར་བཞིན་འཚོ་བ་གསར་བའི་བདེ་སྐྱིད་གླུ་རུ་བླངས།འབར་ཁམས་རྫོང་གིས་རྒྱལ་རོང་བའི་ཉིན་རྒྱུན་འཚོ་བ་ལུས་ཀྱི་ཉམས་འགྱུར་དང་། རྐང་ལག་གི་སྟངས་སྟབས། ངག་གི་སྨྲ་བརྗོད་དུ་མའི་ཕྱུག་པའི་ཟློས་གར་གྱི་ལམ་ནས་འཁྲབ་སྟོན་བྱས་ལ། ཁྱད་ཆོས་མངོན་གསལ་ལྡན་ཞིང་ཚང་མས་ལྟ་འདོད་ལ་ཉན་པར་སྤྲོ། 



        ཐེངས་འདིའི་བྱ་འགུལ་དུ་འཁྲབ་སྟོན་ཚོགས་པ་14དང་འཁྲབ་སྟོན་པ་ 500ལྷག་གིས་སྲོལ་རྒྱུན་གྱི་བོད་ཆའང་གི་གླུ་གར་དང་། སྒྲུང་གླུ། ཟློས་གར། འབྲས་དཀར་སོགས་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་17ལྷག་གི་རིན་ཐང་བྲལ་བའི་རིག་གནས་ཀྱི་འཁྲབ་སྟོན་གྱ་ནོམ་པ་ཞིག་བྱས་པར་རྒྱ་ཆེའི་ལྟད་མོ་བས་དགའ་བསུ་ཚད་མེད་ཐོབ། 



        འགྲན་རྩོད་ཛ་དྲག་བརྒྱུད། འབར་ཁམས་གྲོང་ཁྱེར་གྱི་འཐུས་ཚབ་ཚོགས་པར་བྱ་དགའ་ཨང་དང་པོ་ཐོབ་ལ། ཟུང་ཆུ་རྫོང་དང་ཆུ་ཆེན་རྫོང་གི་འཐུས་ཚབ་ཚོགས་པར་བྱ་དགའ་ཨང་གཉིས་པ་ཐོབ།  རྔ་བ་རྫོང་གི་འཐུས་ཚབ་ཚོགས་པ་ལ་བྱ་དགའ་ཨང་གསུམ་པ་ཐོབ།  



        དུས་མཚུངས་སུ། འབར་ཁམས་གྲོང་ཁྱེར་གྱི་སྲང་ལམ་དུ་ཡང་མི་རིགས་དམངས་ཁྲོད་རིག་གནས་འཁྲབ་སྟོན་བྱས་ལ། གཟབ་འཆོར་སྤྲས་པའི་འཁྲབ་སྟོན་པ་དང་མཛེས་ཤིང་སྡུག་པའི་འཁྲབ་སྟོན་གྱིས་རྔ་བ་ཁུལ་གྱི་སྣ་མང་མི་རིགས་དམངས་ཁྲོད་རིག་གནས་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་ཕྱོགས་ཡོངས་ནས་མངོན་པ་དང་།  རྔ་བ་ཁུལ་གྱིས་དངོས་མིན་ཤུལ་བཞག་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་དང་། རྒྱུན་འཛིན་དང་དར་སྤེལ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་ཐོབ་ཡོད། 



       དངོས་མིན་ཤུལ་བཞག་རིག་གནས་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རྒྱུ་ནོར་དང་། མི་རིགས་ཤིག་གི་རིག་གནས་དང་སྙིང་སྟོབས་རྒྱུན་འཛིན་ལ་འབྲེལ་བ་དམ་པོ་ཡོད།  ལོ་ངོ་སྟོང་ཕྲག་དུ་མའི་རིང་། རྔ་བ་ཁུལ་དུ་སྡོད་པའི་མི་རིགས་དག་གིས་ལས་ལ་བརྩོན་པའི་ལག་ཟུང་དང་ཐུན་མོང་གི་བློ་རིག་ལ་བརྟེན་ནས་རྔ་བ་གསར་དུ་བསྐྲུན་ཅིང་། གནས་འདི་ནས་ཁོ་ཚོ་ཕན་ཚུན་མཛའ་མཐུན་མཉམ་གནས་དང་མཉམ་དུ་འཕེལ་རྒྱས་དང་གོང་འཕེལ་བྱུང་ལ། བབ་ཆགས་པའི་དམངས་སྲོལ་དང་སྣ་མང་རིག་གནས་བརྒྱུད་སྤྲོད་བྱས་ཏེ། རྔ་བ་ཁུལ་གྱི་དམངས་ཁྲོད་རིག་གནས་ལ་ཐུན་མོང་མ་ཡིན་པའི་ཡུལ་བབ་རང་བཞིན་དང་རིག་གནས་ཀྱི་ཁྱད་ཆོས་ཤིག་རིམ་བཞིན་ཆགས་པ་རེད།  



        རྒྱུས་ལོན་པ་ལྟར་ན། རྔ་བ་ཁུལ་ནི་སི་ཁྲོན་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་མང་བའི་ཁུལ་གཉིས་པ་དང་། རང་རྒྱལ་གྱི་ཆའང་རིགས་འདུས་སྡོད་ཀྱི་ཁུལ་གཙོ་བོ་རེད། རྔ་བ་ཁུལ་གྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་ལ། མིང་དུ་གྲགས་པའི་མི་རིགས་ཀྱི་རིག་པ་བ་ཧྥེ་ཞའོ་ཅེ་ཡིས་མི་རིགས་རིག་གནས་བར་ཁྱམས་ཀྱི་ལྟེ་བའི་ས་ཁུལ་རེད་ཅེས་བཤད། མིག་སྔར་རྔ་བ་ཁུལ་གྱི་ཁོངས་སུ་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་19དང་། ཞིང་ཆེན་རིམ་པའི་རྣམ་གྲངས་66དང་། ཁུལ་རིམ་པའི་རྣམ་གྲངས་410ཡོད་པ་དང་། རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་དཔེ་མཚོན་རྒྱུན་འཛིན་པ་9དང་། ཞིང་ཆེན་རིམ་པའི་རྒྱུན་འཛིན་པ82དང་། ཁུལ་རིམ་པའི་རྒྱུན་འཛིན་པ་371ཡོད། མིང་དོན་མཚུངས་པའི་མི་རིགས་དམངས་ཁྲོད་རིག་གནས་(དངོས་མིན་ཤུལ་བཞག་རིག་གནས)ཀྱི་ཁུལ་ཆེ་ཤོས་ཤིག་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1