རི་ཀློང་ཁེར་རྐྱང་དུ་སྲུང་བའི་ན་གཞོན་ཕག་གསོ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བ་གསར་འགྱུར་དྲ་བ། སྤེལ་དུས། 05-04



        མཚོ་ངོས་ལས་མཐོ་ཚད་ལ་སྨི་2500ལྷག་ཡོད་པའི་རི་མགོ་རུ། ལོ་ན་25ལོན་པའི་ན་གཞོན་ཞིག་གིས་ཁེར་རྐྱང་དུ་རི་ཀློང་སྲུང་ནས་བོད་ཕག་100ལྷག་གསོ་བཞིན་གདའ། ཁོའི་མིང་ལ་ཚའོ་པང་ཀྲི་ཟེར། མའོ་རྫོང་ཧའེ་ལུང་ཡུལ་ཚོའི་པའེ་པུའུ་གྲོང་སྡེའི་དབུལ་ཁྱིམ་ཚའོ་ཏེན་ཞུན་གྱི་བུ་ཆེ་བ་ཡིན།

        པའེ་པུའུ་གྲོང་སྡེ་ནི་མ་གཞི་མཚོ་ངོས་ལས་མཐོ་ཚད་སྨི་2500ཡན་ལ་བསླེབས་པའི་རི་རྐེད་དུ་གནས་མོད། ས་འགུལ་བྱུང་རྗེས་གྲོང་སྡེ་ཡོངས་ལུང་གཞུང་དུ་གནས་སྤར་བ་རེད། རི་མགོ་ཡི་གནའ་སྡེ་དེ་ས་སྟོང་དུ་གྱུར་ཅིང་ཁྱིམ་གཞིས་གཅིག་ཀྱང་མེད།

        ན་ནིང་། ཁྱིམ་ཚང་ལ་དོན་རྐྱེན་ཞིག་བྱུང་། ང་ནི་བུ་ཆེ་བ་ཡིན་པས། ཁྱིམ་ཚང་གི་འགན་ངེས་པར་དུ་ཕྲག་ལ་ཁུར་དགོས། དེ་ནས་ང་ནི་རང་ཡུལ་དུ་ལོག་ནས་ལས་གཏོད་ལ་གྲ་སྒྲིག་བྱས་པ་ཡིན་ཞེས་ཚའོ་པང་ཀྲིས་བཤད། ཁོ་ནི་2013ལོར་མེན་དབྱང་ལས་གཞི་ལག་རྩལ་སློབ་གྲྭ་ལས་མཐར་ཕྱིན་རྗེས། ཁྲང་ཧུང་གློག་རྡུལ་བཟོ་གྲྭར་ལས་ཀ་སྒྲུབ་བཞིན་ཡོད་ལ། ཟླ་རེར་གླ་ཕོགས་ལ་སྒོར་3000ལྷག་ཡོད། ལོ་ན་གཞོན་པའི་ཁོས་ཕྱི་སོ་ནས་ལས་རིགས་ཤིག་ལ་རེམ་པར་འདོད་ཡོད།
        སྟབས་མ་ལེགས་པ་ཞིག་ལ། ན་ནིང་། ཚའོ་ཏེན་ཞུན་དང་མནའ་མས་རི་མགོའི་ཁང་རྙིང་བཤིགས་དུས། ཁང་ཐོག་ནས་ས་ལ་ལྷུང་སྟེ་གཅིག་གི་རྐེད་རུས་དང་གཅིག་གི་སྐེ་རུས་བཅགས་ཏེ་རྨས་སྐྱོན་ཚབས་ཆེན་ཐེབས། ངེད་ཚང་གིས་ཆག་རྨས་བཅོས་ཆེད་སྒོར་ཁྲི་བཅོ་ལྔ་བཅུ་དྲུག་ཙམ་བརླགས་ཚར་ལ། ད་དུང་སྒོར་ཁྲི་ལྔ་དྲུག་གི་བུ་ལོན་ཡང་སྟེར་དགོས་ཞེས་ཚའོ་ཏེན་ཞུན་གྱིས་བཤད། མ་གཞི་ཞི་འཇམ་དུ་གནས་པའི་འཚོ་བར་བར་ཆད་དེ་འདྲ་ཐེབས་ནས་རྙོག་ཟིང་དུ་བཏང་སོང་། 

        ཕ་མ་རྨས་ཤིང་ནུ་བོས་སློབ་འབྲིང་འདོན་བཞིན་ཡོད། ཁྱིམ་དུ་ལོག་རྗེས། ངས་ཁྱིམ་ཚང་གི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་སྙམ། ངེས་པར་དུ་དོན་དག་བསྒྲུབ་དགོས་ཞེས་ཚའོ་པང་ཀྲིས་བཤད། ཁོས་ཁྲེང་ཏུའུ་ནས་བོད་ཕག་གི་ཤ་ཟ་མྱོང་ལ། བྲོ་བ་ཡང་ཧ་ཅང་ཞིམ། སེམས་སུ་བོད་ཕག་གསོ་བའི་འདུན་པ་སྐྱེས། ཁོས་དྲ་ཐོག་ནས་བརྟག་འདྲི་དང་ཕྱོགས་ཀུན་ནས་འདྲི་གཅོད་བྱས། མཚོ་ངོས་ལས་མཐོ་ཚད་སྨི་2500ལ་བསླེབས་པའི་གནའ་སྡེ་རུ་བོད་ཕག་གསོ་ཐུབ་པ་རྒྱུས་ལོན། དེ་ནས་ཁོས་ཉེ་འབྲེལ་དང་གྲོགས་པོ་དག་ལ་སྒོར་ཁྲི་4བསྐྱིས་ཏེ་ཟུང་ཆུ་ནས་བོད་ཕག་གི་ཕག་རྒྱུད་40ཉོས་ཤིང་། ཁོའི་ཕག་གསོ་བའི་མི་ཚེ་མགོ་བརྩམས་བྱུང་།


        ཚའོ་ཏེན་ཞུན་གྱིས་བུ་ཡིས་ཕག་གསོ་བར་མཐའ་གཅིག་ཏུ་རྒོལ་བ་བརྒྱབ། ངས་ཕག་རྒྱུད་ཀྱང་ཉོས་ནས་ཐོན་རུང་། ཁོས་ད་དུང་རྒྱབ་སྐྱོར་མི་བྱེད་ཀི་ཞེས་ཚའོ་པང་ཀྲི་ཡིས་བཤད། ཁོས་བོད་ཕག་གསོས་ནས་དབུལ་བྲལ་ཕྱུག་སྒྱུར་ཡོང་བར་རེ་བ་འཆང་ཡང་། བཟའ་མིས་རྒྱབ་སྐྱོར་མི་བྱེད། 

        ང་ཚོ་ལུང་གཞུང་དུ་གནས་སྤར་ཡོད། ཁོ་གཅིག་པུ་རི་མགོར་སོང་ནས་བོད་ཕག་གསོས་ན་སུན་སྣང་ཆེ་སྲིད་ཅེས་ཚའོ་ཏེན་ཞུན་གྱིས་བཤད། ཁོས་རང་གི་བུ་ལ་བརྟན་བརླིང་གི་ལས་དོན་ཞིག་ཡོད་ལ། ཟླ་ཕོགས་ཀྱང་མི་ཉུང་། ལོ་དུ་མར་བརྩོན་པ་བྱས་ན་ཇེ་བཟང་དུ་ཇེ་ལེགས་སུ་འགྲོ་བར་འདོད་ཡོད། བོད་ཕག་གསོ་བར་ལག་རྩལ་དགོས་ཤིང་ཉེན་ཁ་ཡང་ཆེ་ཞེས་ཚའོ་ཏེན་ཞུན་གྱིས་སླར་ཡང་བཤད།


        ཧྲུའུ་ཅི་དང་བོ་ལི་ཅན་ཧྲེང་གིས་ངོ་སྤྲད་པ་ལྟར་ན། ཧའེ་ལུང་ཡུལ་ཚོའི་ཕྱུགས་ནད་སྔོན་འགོག་ཁང་གི་ལག་རྩལ་བས་ཡུན་རིང་དུ་གསོ་ཐབས་ལག་རྩལ་མཛུབ་སྟོན་བྱས་ཤིང་། ཚའོ་པང་ཀྲིས་རང་རྟོགས་སྒོས་གསོ་སྐྱོང་དང་ནད་ཡམས་སྔོན་འགོག་སོགས་ཀྱི་ལག་རྩལ་སྦྱངས། སྡེ་སྡོད་ལས་སྒྲུབ་ཚན་ཆུང་གིས་འབྲེལ་ལམ་མང་བོ་བརྒྱུད་ནས་ཚོང་ལམ་འབྲེལ་གཏུག་བྱས། ད་བར་བོད་ཕག་40ནས་100ལྷག་ཏུ་འཕེལ་ཡོད། ད་ལོར་སྔོན་རྩིས་ལྟར་ན་ཕག་20བཙོང་རྩིས་ཡོད། ཕག་རེར་རྒྱ་མ80རེ་ཡོད། རྒྱ་རེར་སྒོར་30རུ་བརྩིས་ན། ཡོང་འབབ་ལ་སྒོར་ཁྲི་5ལ་ཉེ་བ་ཡོད་ཅེས་བཤད།

        ཚའོ་པང་ཀྲིས་བཤད་པ་ལྟར་ན། ད་ལྟ་རི་མགོར་དྲོད་ལྡན་ཕག་གསོ་ར་ཁང་སྐྲུན་བཞིན་ཡོད། ལེགས་འགྲུབ་བྱུང་རྗེས། སྨི་གྲུ་བཞི་80ཡི་ཚུན་ལ་སྲིད་གཞུང་གིས་སྒོར24000གི་ཁ་གསབ་ཡོད། བོད་ཕག་གསོས་ནས་ཁེ་ཕན་ཐོབ་རྗེས། ངས་བོད་ཕག་གསོ་རྒྱ་ཇེ་ཆེར་བཏང་ནས། སྔ་མོ་ནས་བཟའ་མི་ཚང་མར་བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་དགོས་ཞེས་ཚའོ་པང་ཀྲིས་བཤད། རི་ཀློང་ཁེར་རྐྱང་དུ་སྲུང་བའི་ཕག་གསོ་བ་ནི་དབུལ་བྲལ་ཕྱུག་སྒྱུར་ལམ་གྱི་མདུན་སྐྱོད་པ་ཡིན། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1