ཉག་རོང་རྫོང་གཡང་ལ་གཤིས་ཤང་གིས་ཐུན་མོང་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 05-04


        ཉག་རོང་རྫོང་གཡང་ལ་གཤིས་ཤང་གིས་ཡུལ་མིའི་ཡོང་འབབ་འཕར་སྣོན་གཏོང་བའི་ཆེད། ཤིང་ཤ་མོ་ནག་པོའི་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་འགག་སྒྲོལ་ཡོང་བར་སྐུལ་འདེད་བཏང་བ་རེད། 
        2016ལོ་ནས་བཟུང་ཤིང་ཤ་མོ་རྨོ་རྒྱུའི་ལས་ཀ་དམ་འཛིན་བྱས་ནས་ད་ལོའི་ལོ་འགོ་ལ་གྲོང་པའི་ལས་བྱེད་པ་དང་གྲོང་དམངས་བཅས་རིམ་པ་གཉིས་ཀྱི་ཚོགས་འདུ་འཚོགས་ཏེ་ཤིང་ཤ་མོ་ནག་པོའི་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་ནི་གཡང་ལ་གཤིས་ཤང་གི2017ལོའི་ལས་ཀ་གཙོ་བོར་འཇོག་པས་མ་ཚད་ཐོན་ལས་འཕེལ་རྒྱས་འཆར་གཞི་གཏན་འབེབས་དང་ལས་ཀའི་འགོ་ཁྲིད་ཚོ་ཆུང་གསར་འཛུགས་བྱས་ཤིང་། ལས་འགན་རིམ་པ་བཞིན་དུ་དོན་ཐོག་ཏུ་འཁྱོལ་བ་རེད། ཟླ་བ4པའི་ཚེས26ཉིན་རྫོང་ཞིང་འབྲོག་ཅུས་ཀྱིས་ཤིང་ཤ་མོ་ས་བོན་ཁུག་མ202དང་མ་རྨོས་ལོ་ཏོག་ཁུག་མ7བྱིན་པས་མ་ཚད། རྫོང་ཞིང་འབྲོག་ཅུས་ཀྱི་ཞིང་ལས་ཆེད་ལས་མི་སྣ་ཡུལ་དངོས་སུ་ཕྱིན་ཏེ་ནན་ཏན་གྱིས་མང་ཚོགས་ལ་ཤིང་ཤ་མོ་རྨོ་ཚུལ་ལག་རྩལ་གསོ་སྐྱོང་སྦྱོང་བརྡ་བྱེད་ཅིང་འཕྲུལ་ཆས་བཀོལ་སྤྱོད་བྱེད་ཚུལ་སོགས་རེ་རེ་བཞིན་སློབ་ཁྲིད་བྱས་པ་རེད། ད་དུང་རྫོང་ཞིང་འབྲོག་ཅུས་ཀྱིས་རྗེས་སུ་མུ་མཐུད་དེ་ཤིང་ཤ་མོ་རྨོ་བར་ལག་རྩལ་ཐད་ནས་མཛུབ་སྟོན་དང་རྒྱབ་སྐྱོར་རོགས་རམ་བྱ་རྒྱུ་ཁས་ལེན་བྱས་པ་རེད།
        གཡང་ལ་གཤིས་ཤང་གི་དབུལ་ཕོངས་གྲོང་པ་གསུམ་ཏེ་སྔོ་ཡུལ་གྲོང་ལ་ཤིང་ཤ་མོ་མུའུ2དང་སྟེང་རྩེ་གྲོང་ལ་མའོ3 ཀླུང་ཙུང་གྲོང་ལ་མུའུ5བཅས་རྨོས་པ་རེད། ད་ལོ་གཡང་ལ་གཤིས་ཤང་གི་དབུལ་པོ་ཞྭ་མོ་ཕུད་དགོས་པའི་དུད་ཁག23དང་མི་གྲངས129ཡི་དཔལ་འབྱོར་ཡོང་འབབ་སྔ་ལས་ཇེ་མཐོ་རུ་འགྲོ་ངེས་ཡིན། སྔོན་རྩིས་བྱས་ན་གྲོང་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཁྲི2ཡན་མངོན་འགྱུར་དང་ཞིང་འབྲོག་མང་ཚོགས་ཀྱི་མི་རེར་ཆ་སྙོམས་ཡོང་འབབ་སྒོར700ཙམ་ཐོབ་ཐུབ། རྒྱ་ཆེ་བའི་མང་ཚོགས་ཀྱིས་ཐོན་ལས་འདིར་དགའ་ཞེན་ཤིན་ཏུ་ཆེ་ལ་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ནམ་ཡང་བརྗེད་མི་རུང་ཞེས་ཡང་ཡང་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1